དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།

2025-12-02
229

  ད་ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་བསྐྱེད་སྲ་བརྟན་དང་གྲོང་གསེབ་དར་རྒྱས་རྒྱུན་སྤེལ་ལེགས་བྱུང་བའི་ལོ་ལྔའི་བར་བརྒལ་དུས་ཚོད་ཀྱི་ཆེས་མཐའ་མའི་ལོ་ཡང་རེད། ལོ་ལྔའི་རིང་ལ། རང་རྒྱལ་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་མཐའ་ཚད་སྲུང་ཐུབ་ཡོད་ལ། དབུལ་བྲལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་པོའི་ངང་འཕར་བ་དང་། དབུལ་བྲལ་ས་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་མུ་མཐུད་དེ་ཇེ་དྲག་ཕྱིན་བཞིན་ཡོད།

  ཉེ་ཆར། སི་ཁྲོན་ལིའང་ཧྲན་བྲག་འགོ་གྲོང་ཚོར་རང་སྐོར་རླངས་འཁོར་གྱི་ཡུལ་སྐོར་བ་ཁག་ཅིག་ཐོན། ལོ་ལྔའི་སྔོན་དུ་དབྱིས་རིགས་ཀྱི་གྲོང་སྡེ་འདིའི་དུད་ཚང་ཉིས་བརྒྱ་གྱ་གཉིས་རྫོང་མཁར་ནས་གཅིག་བསྡུས་བཀོད་སྒྲིག་ས་ཚུགས་སུ་སྤོས་པ་རེད། ད་ལྟར་བྲག་འགོ་གྲོང་སྡེ་རྙིང་པས་རིག་གནས་ཡུལ་སྐོར་ལས་གཞི་འཕེལ་རྒྱས་རྒྱལ་ཁའི་ངང་གཏོང་ཐུབ་པར་མ་ཟད། དབྱིས་རིགས་ཀྱི་འཚེམ་དྲུབ་སོགས་ཁྱད་ལྡན་ཐོན་ལས་ཀྱང་དར་རྒྱས་ཕྱིན། གནའ་བོའི་གྲོང་སྡེ་འདི་གསོན་ཉམས་དོད་པོའི་རྣམ་པས་ཁེངས་འདུག

སི་ཁྲོན་གྱི་ལིའང་ཧྲན་ཆེན་མོ་མ་ཟད་རྒྱ་ཆེ་བའི་དབུལ་བྲལ་ས་ཁུལ་དུ་དེང་སང་འགྱུར་ལྡོག་ཆེན་མོ་ཕྱིན་ནས་རྣམ་པ་གསར་པར་བསྒྱུར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་བསྐྱེད་སྲ་བརྟན་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ལེགས་པོར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་ཡིན་པས། མུ་མཐུད་དེ་དམ་འཛིན་ལེགས་པོ་བྱས་ནས་དབུལ་བྲལ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་ཇེ་བཟང་ཡོང་བཅུག་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་མུ་མཐུད་དེ་འབྲེལ་མཐུད་ལེགས་པོ་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བར་ཁག་ཐེག་བྱས་ནས། དབུལ་བྲལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་སྲུང་སྐྱོང་དང་སྲ་བརྟན་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

བར་བརྒལ་དུས་རིམ་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་རེར་དབུལ་བྲལ་ས་ཁུལ་དུ་ཕེབས་ནས་རྟོག་ཞིབ་མཛུབ་སྟོན་གནང་བ་དང་། གནས་ཚུལ་སྙན་ཞུར་གསན་པ་རེད། ཁོང་གིས་མུ་མཐུད་དེ་འགན་འཁྲི་ཇེ་དྲག་བཏང་ནས། དབུལ་བྲལ་མི་གྲངས་དང་དབུལ་བྲལ་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་འབྲེལ་མཐུད་ཡག་པོ་དང་བྱེད་ཐབས་དོན་ཐོག་འཁྱོལ་བ་བྱེད་དགོས། དབུལ་བྲལ་ས་ཁུལ་དང་དབུལ་བྲལ་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་གཏོང་བའི་ཐད་འབད་པ་དང་། དབུལ་བྲལ་མང་ཚོགས་ཡོངས་འབབ་སྤར་བ་དེ་ཁ་ཕྱོགས་གཙོ་བོར་འཛིན་དགོས་ཞེས་གསུངས།  དབུལ་ལོག་དབུལ་འགྱུར་འགོག་པའི་བབ་བསྟུན་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ནང་རྐྱེན་ནི་གཞི་ཁྱོན་ཆེན་པོའི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དབུལ་ལོག་འགོག་པའི་བབ་བསྟུན་ལྟ་ཞིབ་དང་རོགས་སྐྱོར་ནང་རྐྱེན་འཐུས་ཚང་བཏང་ནས། དབུལ་ལོག་དང་དབུལ་འགྱུར་སླ་བའི་མི་འབོར་ལ་རྒྱུན་པར་ལྟ་ཞིབ་བྱེད་དགོས་ཞེས་ནན་གསུངས་གནང་།  ལོ་ལྔའི་རིང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་ཆེད། རྒྱལ་ཁབ་རིམ་པ་ནས་འབྲེལ་མཐུད་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། རོགས་སྐྱོར་སྲིད་ཇུས་བྱེད་ཐབས་མུ་མཐུད་དེ་ཇེ་མང་གཏོང་བ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་མུ་མཐུད་དེ་སྤེལ་བ་རེད། ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་དང་། ཀྲུང་དབྱང་ལས་ཁུངས་སུམ་བརྒྱ་དང་བཅུ། ཁེ་ལས་དྲུག་སྟོང་ལྷག སྤྱི་ཚོགས་རྩ་འཛུགས་སུམ་བརྒྱ་ལྷག་གིས་སོ་སོའི་ནུས་པ་བཏོན་པ་དང་། གྲོང་སྡོད་ལས་སྒྲུབ་རུ་ཁག་འབུམ་གཅིག་ཁྲི་ལྔ་དང་། གྲོང་སྡོད་ལས་བྱེད་འབུམ་ལྔ་ལྷག་གིས་གྲོང་གསེབ་ཏུ་བརྟན་སྲུང་བྱེད་ཅིང་། ད་ལོའི་ཟླ་བ་དགུ་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་བསྡོམས་པས་ལྟ་ཞིབ་བྱ་ཡུལ་ས་ཡ་བདུན་ལྷག་ལ་དབུལ་ཕོག་དབུལ་འགྱུར་གྱི་ཉེན་ཁ་སེལ་རོགས་བྱས་ནས། གཞི་ཁྱོན་ཆེན་པོས་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱས་ཡོད། 

  བར་བརྒལ་དུས་རིམ་ནས་བཟུང་། དབུལ་བྲལ་མང་ཚོགས་ནང་སྐྱེས་སྒུལ་ཤུགས་མངོན་གསལ་ཇེ་དྲག་ཕྱིན་ཞིང་། དབུལ་བྲལ་དུད་ཁ་དང་ལྟ་ཞིབ་དུད་ཁ་བརྒྱ་ཆའི་གྱ་ལྔ་ལ་མ་མཐའ་ཡང་ཐོན་ལས་རོགས་སྐྱོར་བྱེད་ཐབས་རེ་དོན་འཁྱོལ་བྱས་ཡོད། དབུལ་བྲལ་མི་འབོར་བཞི་ཆའི་གསུམ་དང་ཞིང་ལས་ཚོང་གཉེར་བྱེད་མཁན་གསར་པའི་བར་ཁེ་ལས་མཉམ་འབྲེལ་ནང་རྐྱེན་བཙུགས་ཡོད། དབུལ་བྲལ་མི་གྲངས་ལས་ཞུགས་གཞི་ཁྱོན་ལོ་རེར་མི་བྱེ་བ་གསུམ་ཡན་རྒྱུན་འཁྱོངས་ཡོད། དབུལ་བྲལ་རྫོང་གི་ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བེད་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བསྟུད་མར་ལོ་བཞིར་རྒྱལ་ཡོངས་ཞིང་སྡེའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

  དབུལ་བྲལ་ས་ཁུལ་གྱི་སྤྱིའི་རྣམ་པ་རྒྱུན་མཐུད་ངང་གསར་བསྒྱུར་ཐོན་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་བསྡོམས་པས་གྲོང་གསེབ་དར་རྒྱས་ལ་ཤུགས་འདོན་པར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བརྒྱད་སྟོང་ལྔ་བརྒྱ་བཅུ་མེད་ལྔ་བཏང་ནས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་རོགས་སྐྱོར་བྱ་ཡུལ་གཙོ་བོའི་རྫོང་ཁག་བརྒྱ་དང་དྲུག་ཅུ་དང་། གཞན་ཡུལ་གནས་སྤོ་གཅིག་སྡུད་བདེ་འགོད་ཁུལ་ཁྲི་གསུམ་སྟོང་ལྔ་སོགས་ས་ཁོངས་གལ་ཆེན་གཙོར་བཟུང་ནས་རྒྱབ་སྐྱོར་བྱས་ཡོད། དབུལ་བྲལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་རིམ་སྤར་བཏང་ཡོད། དབུལ་བྲལ་ཁྱིམ་ཚང་དང་ཡང་བསྐྱར་དབུལ་ཕོངས་མི་འགྲོ་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་སློབ་མཚམས་བཞག་པའི་སློབ་མ་མེད་པར་བཟོ་རྒྱུ་མཐའ་འཁྱོངས། དབུལ་བྲལ་མི་གྲངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་གོ་དགུ་ཡན་ལ་བརྟན་པོ་བྱུང་ཡོད། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་ཞིང་བའི་སྡོད་ཁང་གི་ཡོམ་འགོག་བརྟན་པོའི་ངང་སྤེལ་ཡོད། ཞིང་སྡེའི་རང་འབབ་ཆུའི་ཁེབས་ཚད་བརྒྱ་ཆའི་གོ་བཞི་ལ་ཟིན་ཡོད།

  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་ནང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་པའི་ཐད་བཀོད་སྒྲིག་གསལ་བོ་བཟོས་པ་དང་། སྤྱི་འདོམས་སྒོས་རྒྱུན་རྣམ་ཅན་གྱི་སྒོ་ནས་བསྐྱར་དུ་དབུལ་ཕོངས་ཆགས་པར་འགོག་པའི་ལམ་ལུགས་འཛུགས་དགོས་པ་བསྟན་ཡོད། དབུལ་བྲལ་ས་ཁུལ་བརྟན་པོའི་ངང་འཕེལ་རྒྱས་བྱུང་བཞིན་ཡོད་པ་དང་། དབུལ་ཕོངས་ཡང་བསྐྱར་གཞི་ཁྱོན་ཆེན་པོ་མི་འཇུག་པའི་མཐའ་ཚད་བརྟན་སྲུང་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ལ་ཕྱོགས་ཏེ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།


  • 顶