ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ཚོགས་འདུ་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པ་དང་རེས་སྐོར་དྲུག་པའི་སྐོར་ཞིབ་ལས་དོན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་བཅས་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། སྐོར་ཞིབ་བྱས་འབྲས་ལ་བལྟས་ན། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་ལས་དོན་ལ་འཕེལ་རིམ་དང་ཕན་འབྲས་གསར་པ་ཐོན་ཡོད་མོད། འོན་ཀྱང་གནད་དོན་ཁ་ཤས་ཀྱང་གནས་ཡོད་པས། ངེས་པར་དུ་ཆབ་སྲིད་ཐོག་ནས་དེར་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་པོ་བྱེད་དགོས། སྐོར་ཞིབ་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཙོ་འགན་དོན་འཁྱོལ་བྱེད་པ། རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་བཅོས་སྒྲིག་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འཆར་འགོད་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཆབ་སྲིད་ཀྱི་འབྱུང་ཁམས་གཙང་མ་བཟོ་བ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། བཅོས་སྒྲིག་གི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་ཏང་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གིས་ས་ཁུལ་དེ་གར་འཛིན་པའི་འཐབ་ཇུས་ངེས་གནས་དམ་འཛིན་བརྟན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྔ་བར་ཕྱི་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྲུང་སྐྱོང་གཉིས་ཐུབ་པར་བྱེད་དགོས། སྲིད་དོན་ལས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དངོས་ཐོག་བདེན་འཚོལ་དང་། དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དམ་འཛིན་ནན་པོ་བྱེད་པ། གཙོ་འགན་འཁུར་མཁན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ཐོན་སའི་ས་རྒྱུ་དང་ངན་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་གཏོད་དགོས། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ། ཡང་དག་པའི་མི་བེད་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ། ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས། རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་གཙང་སེལ་ནུས་ལྡན་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་ངོ་བོ་གཅིག་པའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་དང་ཐག་གཅོད་ཡག་པོ་བྱས་ཏེ། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྩ་ལག་མཉམ་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།
འཕྲིན་སྟེགས། weikangba