སི་ཁྲོན་ཁྱབ་བསྒྲགས་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་སུ་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་11ཚེས་24ཉིན། 《སི་ཁྲོན་ཞིང་ཆེན་རྡོ་ཐའི་ཆེད་འཚོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པར་གྲོས་ཞིབ་ཐེངས་གཉིས་པར་ཕུལ་བ་རེད།
དོ་སྣང་བྱེད་དགོས་པ་ཞིག་ནི། སྲོལ་ཡིག་བཟོ་བཅོས་འཆར་ཟིན་ནང་དུ་ཐ་མག་འཐེན་ན་བདེ་ཐང་ལ་གནོད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་འགན་འཁྲིའི་བྱེད་པོ་སྟེ། ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ཐ་མག་(གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་གསར་པ་ཚུད་པ)འཐེན་ན་བདེ་ཐང་ལ་གནོད་པའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས་ཞེས་སྔར་བས་ཁ་གསལ་བཟོས་ཡོད་པ་རེད།
དེ་དང་ཆབས་ཅིག་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ནང་ཐ་མག་བཀག་སྡོམ་དང་ཐ་མག་ཚོད་འཛིན་བྱ་ཡུལ་སྔར་བས་རྒྱ་ཆེར་བཏང་ཡོད། དེའི་ནང་དུ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དང་མི་ཚོགས་འདུ་སར་ཐ་མག་འཐེན་མི་ཆོག་པའམ་ཡང་ན་ཚོད་འཛིན་བྱེད་པ་དང་། གཞོན་ནུ་ལོ་ཆུང་ལ་ཐ་མག་འཐེན་པར་བཀག་སྡོམ་བསླབ་བྱ་གཏོང་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཐ་མག་བཀག་སྡོམ་བྱ་དགོས་ཞེས་འཁོད་ཡོད་པ་རེད།
གཞན་ཡང་། རྡོ་ཐའི་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྡོ་ཐའི་ཐོན་རྫས་དང་རྡོ་ཐའི་ཐོན་རྫས་གསར་གྲས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་སློབ་གསོ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྡོ་ཐའི་ཐོན་རྫས་རིགས་དང་དེ་བཞིན་རྡོ་ཐའི་ཐོན་རྫས་ཀྱི་བསྐྱར་འགྱུར་ཐོན་རྫས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྐྱེ་བོ་ལོ་ན་མ་སོན་པར་རྡོ་ཐའི་གནོད་འཚེ་མི་ཕོག་པའི་སྲུང་སྐྱོང་བྱ་དགོས་ཞེས་བཀོད་འདུག
འཕྲིན་སྟེགས། weikangba