མ་ཁེ་ལུང་གིས། ཧྥ་རན་སེ་དང་དབྱིན་ཇིས་སྣེ་ཁྲིད་ནས་ཡུག་རེན་གྱི་བདེ་འཇགས་འགན་ལེན་མཐུན་སྦྱོར་བྱ་རྒྱུ་ཡིན་ཟེར།

2025-11-27
499

  ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་གིས། ས་གནས་དེ་གའི་དུས་ཚོད་25ཉིན་ཧྥ་རན་སེ་དང་དབྱིན་ཇིས་སྣེ་ཁྲིད་ནས་ལས་དོན་ཚོགས་ཆུང་བཙུགས་ནས་འབྱུང་འགྱུར་ཨུ་རུ་སུ་དང་ཡུག་རེན་དབར་དམག་མཚམས་བཞག་རྗེས་ཡུག་རེན་གྱི་བདེ་འཇགས་འགན་ལེན་མཐུན་སྦྱོར་བྱ་རྒྱུ་དང་ཨ་རི་དང་ཐུར་ཁེ་དེའི་ནང་ཞུགས་རྒྱུ་ཡིན་ལུགས་བཤད་པ་རེད།

  ཡུག་རེན་གྱི་“དང་བླངས་མནའ་འབྲེལ་”ལ་རྒྱབ་སྐྱོར་བརྙན་ལམ་ཚོགས་འདུ་ཉིན་དེར་འཚོགས་པ་དང་། མ་ཁེ་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་སོགས་སྲིད་དོན་མི་སྣ་གལ་ཆེན་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་འཚོགས་རྗེས་མ་ཁེ་ལུང་གིས། ཨུ་རུ་སུ་དང་ཡུག་རེན་གྱིས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ཚེ་“དང་བླངས་མནའ་འབྲེལ་”གྱིས། ཧྥ་རན་སེ་དང་དབྱིན་ཇིས་སྣེ་ཁྲིད་ནས་འགོ་ཁྲིད་བྱེད་པའི་ལས་དོན་ཚོགས་ཆུང་ཞིག་འཛུགས་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས། ལས་དོན་ཚོགས་ཆུང་གིས་འབྲེལ་ཡོད་ཕྱོགས་ཁག་ཇི་ལྟར་བྱས་ནས་ཡུག་རེན་གྱི་བདེ་འཇགས་འགན་ལེན་ནང་ཞུགས་རྒྱུའི་གཏན་འཁེལ་བྱ་རྒྱུ་དང་འབྲེལ་མཐར་འབྲེལ་ཡོད་འགན་ལེན་གྱི་རྣམ་པ་གཏན་འཁེལ་བྱ་རྒྱུ་ཡིན་པ་དེ་ནི་ཡུག་རེན་པར་མཚོན་ན་“གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་”ཅེས་བཤད་པ་རེད།

  མ་ཁེ་ལུང་གིས། ད་ལམ་ཨུ་རུ་སུས་ཡུག་རེན་དང་དམག་མཚམས་འཇོག་རྒྱུའི་བསམ་པ་མངོན་གསལ་དོད་པོ་མེད་པས། གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་“ཨུ་རུ་སུར་མུ་མཐུད་གནོན་ཤུགས་སྤྲོད་དགོས་པའི་”རེ་འབོད་བྱས་པ་རེད། ཁོང་གིས་“ཚོད་འཛིན་མི་ཐེབས་པའི་”ཡུག་རེན་དམག་དཔུང་ངར་པོ་ཞིག་འཛུགས་དགོས་ཞེས་བཤད་པ་རེད། གཞན་ཡང་མ་ཁེ་ལུང་གིས།ཧྥ་རན་སིས་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་དག་དང་འབྲེལ་ཡོད་ཐག་གཅོད་ཇུས་གཞི་གཏན་འཁེལ་བྱས་ནས་བསྡམས་བཅད་བྱས་པའི་ཨུ་རུ་སུའི་རྒྱུ་ནོར་སྤྱད་དེ་ཡུག་རེན་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  ཧྥ་རན་སིའི་RTLརླུང་འཕྲིན་ལས་ཁུངས་ཀྱིས་ཉིན་དེར་སྔ་ཙམ་ནས་མ་ཁེ་ལུང་ལ་ཆེད་དོན་བཅར་འདྲི་བྱེད་པའི་ལེ་ཚན་བསྟན་པ་དང་། མ་ཁེ་ལུང་གིས་ལེ་ཚན་ནང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ནས་བཏོན་པའི་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བདེའི་འཆར་གཞིའི་སྐོར་གླེང་སྐབས། འཆར་གཞི་དེ་ནི་“ཡང་དག་པའི་ཕྱོགས་སུ་སྤོས་པའི་གོམ་པ་ཞིག་རེད་”ཅེས་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་དེའི་ནང་གི་ནང་དོན་ཞིབ་ཕྲ་སྔར་བཞིན་གྲོས་བསྡུར་དང་ལེགས་བཅོས་བྱེད་དགོས་ཀྱི་ཡོད་པ་རེད།


  • 顶