ཞི་ཅིན་ཕིང་གིས་ཐོན་གའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་།

2025-11-26
467

   དགའ་བསུའི་མཛད་སྒོ་སྤེལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐོན་ག་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ངོ་མ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱི་འབྲེལ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་ཐུགས་འཁུར་ཆེན་མོ་བྱེད་སར་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པས། དོན་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་བཏང་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་ཆེ་ཆུང་མི་འདྲ་བའི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་བཙུགས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དུས་དང་རྣམ་པ་ཀུན་ཏུ་ཐོན་གའི་ཡིད་རྟོན་རུང་བའི་རོགས་ཟླ་བཟང་པོ་ཡིན་ལ། ཐོག་མཐའ་བར་གསུམ་དུ་ཐོན་གས་རྒྱལ་ཁབ་རང་བཙན་དང་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཡིན། ཀྲུང་གོས་ཐོན་ག་དང་འཕེལ་རྒྱས་འཐབ་ཇུས་ཐད་ཀྱི་འབྲེལ་མཐུད་ཇེ་དྲག་གཏོང་བ་དང་། ཉོ་ཚོང་དང་མ་གཏོང་། ཞིང་ལས་དང་ཉ་ལས།  རྨང་གཞིའི་སྒྲིག་ཆས། ནུས་ཁུངས་གཙང་མ། སྨན་བཅོས་འཕྲོད་བསྟེན། ཡུལ་སྐོར། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་མཉམ་ལས་རྒྱ་བསྐྱེད་གཏོང་བ། སློབ་གསོ་དང་ལུས་རྩལ། ན་གཞོན། འཕྲིན་སྦྱོར། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་རྒྱ་བསྐྱེད་བཏང་སྟེ། མུ་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་ཐོན་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་མཁོ་འདོན་བྱེད་འདོད་ཡོད། ཐོན་གའི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོར་ལྟ་སྐོར་དང་རྟོག་ཞིབ་ཏུ་ཕེབས་ཏེ། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཇེ་དྲག་གཏོང་བ་དང་། ཀྲུང་གོར་ཁྱོན་ཡོངས་རྒྱུས་ལོན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུར་དགའ་བསུ་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ཀྲུང་གུང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་མ་འོངས་པའི་ལོ་ལྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཇུས་འགོད་ཆེ་ཤོསདང་འཐབ་ཇུས་ཀྱི་རྣམ་པ་བཀོད་ཡོད། ཀྲུང་གོས་སྤུས་མཐོའི་འཕེལ་རྒྱས་དམིགས་སུ་བཀར་ནས་སྔར་ལས་ལྷག་པར་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་བཏང་ནས། འཛམ་གླིང་གི་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་ཡིན། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ནི་འཛམ་གླིང་གི་རྒྱལ་ཁབ་མཉམ་དུ་འཕེལ་རྒྱས་ཡོང་བར་འཆར་འགོད་བྱེད་པ་དང་ཞི་བདེ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཆེད་རེད། ཐོན་ག་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་འཛོམས་པའི་འཚོ་བ་སྐྲུན་དགོས་པ་དང་། ཀྲུང་གོ་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས། ཐོན་ག་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཡུན་རིང་ཞིང། ཀྲུང་གོས་དུས་ཡུན་རིང་པོར་ཐོན་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པར་རོགས་སྐྱོར་བྱེད་པར་བཀའ་དྲིན་ཆེ་ཞུས། ཐོན་ག་ཡིས་ཀྲུང་གོ་ལ་ཕྱོགས་པའི་འབྲེལ་བར་གཙིགས་ཆེན་བྱེད་བཞིན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་དང་། མཐའ་གཅིག་ཏུ་རྣམ་པ་གང་རུང་གིས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་ཡིན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བརྟན་པོ་ཡོད་ལ། ཐོན་ག་ཡིས་ཀྲུང་གོས་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། དྭངས་གཙང་ནུས་ཁུངས། སློབ་གསོ། སྨན་བཅོས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་བས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པའི་རེ་བ་ཡོད། ཐོན་ག་ཡིས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་གྲུབ་འབྲས་བླ་ན་མེད་པ་ཐོབ་པར་རྟེན་འབྲེལ་ཞུ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཡག་པོ་སློབ་སྦྱོང་བྱེད་པའི་རེ་བ་ཡོད། ཐོན་ག་ཡིས་ཀྲུའུ་ཞི་ཞི་ལགས་ཀྱིས་བཏོན་པའི་འཛམ་གླིང་གྲོས་འགོ་བཞི་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་འབྲེལ་གཏུག་མཐུན་སྦྱོར་ཇེ་དྲག་བཏང་ནས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་ཅེས་གསུངས་པ་རེད། འཚམས་འདྲི་བྱེད་རིང་དུ། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐོན་ག་རྒྱལ་པོའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་འགྲེམ་སྤེལ་བྱས་ཤིང་། ཐུག་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་དཔལ་འབྱོར་ཉོ་ཚོང་དང་སྨན་བཅོས། སློབ་གསོ། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་བདེན་དཔང་མཛད། ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕེན་ལི་ཡོན་རྣམ་གཉིས་ཀྱིས་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་སྐུ་ལྕམ་ལ་དགའ་བསུའི་གསོལ་སྟོན་བཤམས། 


  • 顶