
ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་གཉིས་བར་ཞལ་པར་བསྐྱོན་ཞིང་། ཞི་ཅིན་ཕིང་གིས། ཟླ་བ་སྔོན་མར་ང་ཚོས་ཁོ་རེ་ཡ་ལྷོ་མའི་ཧྥུའུ་ཧྲན་ནས་བདེ་བླག་ངང་ཞལ་འཛོམས་བྱུང་སྟེ། ངོས་འཛིན་གཅིག་མཐུན་གལ་ཆེན་མང་པོ་བྱུང་བ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་མོ་འདིའི་ཁ་ཕྱོགས་ཡང་དག་དུ་སྐུལ་འདེད་དང་། སྒུལ་ཤུགས་བསྩལ་བར་མ་ཟད། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་བཟང་བསྟན་ཡོད། ཧྥུའུ་ཧྲན་དུ་ཞལ་འཛོམས་བྱུང་ནས་བཟུང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་བས། རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁྱོན་ཡོངས་ནས་དགའ་བསུ་ཐོབ་ཡོད། དོན་དངོས་སུ་ཀྲུང་གོ་དང་ཨ་རིའི་གཉིས་མཐུན་ན་གཉིས་ཁེ་དང་། འཐབ་ན་གཉིས་ཕམ་ཡིན་པ་དེ་ལག་ལེན་ལས་ཡང་དང་བསྐྱར་དུ་ར་སྤྲོད་ཐུབ་བཞིན་ཡོད་ཤེས། ཀྲུང་གོ་དང་ཨ་རིའི་ཕན་ཚུན་དར་རྒྱས་དང་ཐུན་མོང་འབྱོར་ཕྱུག་འགྲོ་བཞིན་པ་དངོས་མཐོང་ལག་ཟིན་རེད།དེར་བརྟེན་ ཕྱོགས་གཉིས་ཀྱིས་རྣམ་པ་འདི་རྒྱུན་འཁྱོངས་ཏེ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། འདྲ་མཉམ་དང་བརྩི་འཇོག གཉིས་ཁེ་ཡི་རྣམ་འགྱུར་རྒྱུན་འཁྱོངས་ལས་མཉམ་ལས་གསལ་ཐོ་ཇེ་མང་དང་། གནད་དོན་གསལ་ཐོ་ཇེ་ཉུང་གཏོང་དགོས་ལ། སྔར་ལས་དགེ་མཚན་ལྡན་པའི་གྲུབ་འབྲས་བརྩོན་ལེན་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་མཉམ་ལས་གོ་སྐབས་གསར་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་དེ་ལས་ལྷག་པའི་ཕན་བདེ་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་ཐའེ་ཝན་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་གསལ་པོ་བསྟན་པ་དང་། ཐའེ་ཝན་ཀྲུང་གོའི་པང་དུ་ལོག་པ་ནི་འཁྲུག་ཆེན་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨ་རིས་ཧྥ་ཞི་སི་དང་དམག་རྒྱལ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ཡོད་ལ། མིག་སྔར་དེ་ལས་ཀྱང་མཉམ་དུ་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་བྱེད་འོས་ཞེས་གསུངས།
ཐེ་རོན་ཕུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེའི་དབུ་ཁྲིད་པ་ཞིག་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥུའུ་ཧྲན་ནས་མཇལ་འཛོམས་བྱུང་བར་ཧ་ཅང་དགའ་ཡོད། ཁྱེད་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ལྟ་སྟངས་ལ་མོས་མཐུན་བླ་ལྷག་ཡོད། ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ནས་ཧྥུའུ་ཧྲན་ཞལ་འཛོམས་སྐབས་ཀྱི་ངོས་འཛིན་གཅིག་མཐུན་གལ་ཆེན་ལག་ལེན་བསྟར་བཞིན་ཡོད། ཀྲུང་གོས་སྔོན་ཆད་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཨ་རིས་ཐའེ་ཝན་གནད་དོན་དེ་ཀྲུང་གོར་མཚོན་ན་གལ་ཆེ་ཡིན་རྒྱུ་གོ་གསུངས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་ད་དུང་ཡུག་རེན་ཉམས་ཉེན་ཐད་གླེང་མོལ་བྱས་ཤིང་། ཞི་ཅིན་ཕིང་གིས། ཀྲུང་གོས་ཞི་བདེ་བརྩོན་ལེན་བྱེད་པའི་འབད་བརྩོན་ཡོད་དོ་ཅོག་ལ་རྒྱབ་སྐྱོར་དང་། ཕྱོགས་སོ་སོས་འགལ་བ་ཇེ་ཆུང་བཏང་ནས། སྔ་མོ་ནས་ཞི་བདེ་དང་རྒྱུན་རིང་། གཅུན་ནུས་ལྡན་པའི་ཞི་བདེའི་གྲོས་ཆིངས་བཞག་ཏེ། རྩ་བའི་ཆ་ནས་ཉམས་ཉེན་འདི་ཐག་གཅོད་པའི་རེ་བ་ཡོད་ཅེས་ནན་གྱིས་གསུངས་སོ།
འཕྲིན་སྟེགས། weikangba