ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད།

2025-10-28
282

  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་གཏན་འབེབས་གྲོས་འགོ་ལས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་པར་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་ཡོད། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་འབད་བརྩོན་བྱེད་དགོས་ཞེས་བཤད།

  ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་རང་རྒྱལ་གྱི་འཕེལ་རྒྱས་རྒྱུན་རིམ་རྒྱུན་ལྡན་མིན་ལ་སྤྱིར་བཏང་བ་ཞིག་ཀྱང་མིན། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས།རྒྱལ་ཁབ་ཕྱོགས་བསྡུས་སྟོབས་ཤུགས་བཅས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་བརྟན་པོ་སྤོས་པ། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ཀྱི་རྒྱང་སྐྱོད་གསར་པ་འགོ་ཡག་པོ་ཚུགས་ཡོད། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས། ཏང་དང་རྒྱལ་ཁབ་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ནས་མི་སེམས་སྐུལ་བ་རེད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སེལ་འགག་སྒྲོལ་དང་འབད་འབུངས་ལྷོད་མེད་བྱས་པའི་གྲུབ་འབྲས་རེད་ཅེས་བཤད།

  ནུབ་བྱང་བཟོ་ལས་སློབ་ཆེན་རྒྱུ་ཆ་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ལེ་ལེ་ཡིས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་ལོ་ལྔའི་ནང་། རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་ཁག་ཅིག་འཆར་གཞི་བཀོད་ནས་ལེགས་གྲུབ་བྱུང་བ་དང་། སྲོག་ཤིང་ལག་རྩལ་འགག་སྒྲོལ་རེ་རེ་ལས་ཕྱི་རྒྱལ་གྱི་སྒེར་གཅོད་གཏོར་བ་རེད། གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེད་དཔོན་མཛད་པའི་བཀའ་དྲིན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པའི་བཀའ་དྲིན་རེད་ཅེས་བཤད།

  ཧོ་ནན་ཞིང་ཆེན་ཧྭ་རྫོང་རྩི་ཤིང་གླིང་གི་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་པ་ལིའུ་ཚུའེ་ཞ་ཡིས། ཚང་འཛོམས་གྲོགས་ཚོགས་ཐོག་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཇེ་མཐོར་གཏོང་དགོས་པ་བཏོན། ཏང་ཀྲུང་དབྱང་གི་ཞིང་གསུམ་ལས་ཀའི་ཐད་ཀྱི་མཐོང་ཆེན་བརྒྱུད་སྒྲོག་བྱས་ཤིང་། ང་ཚོས་མུ་མཐུད་དེ་ཞིང་ལས་དམ་དུ་བཟུང་ནས། ཞིང་ལས་ཀྱི་ཐོན་ཚད་ཇེ་མང་དང་ཞིང་པའི་ཡོང་འབབ་ཇེ་མང་གཏང་དགོས་ཞེས་བཤད།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཞང་ཟིང་དཀར་གྲོང་ཚོའི་མི་སེར་བཀྲ་ཤིས་ནོར་བུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་ང་ཚོ་གནོད་ཁུལ་ལ་ཐུགས་ཁུར་གནང་བཞིན་ཡོད་པ་དང་།མཇུག་བསྒྲིལ་མ་ཐག་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོགས་ཚོགས་ལས། ཆེད་དུ་གནོད་ཐེབས་མང་ཚོགས་ལ་དགུན་དྲོན་མོས་སྐྱེལ་ཐུབ་པར་འགན་སྲུང་བྱེད་དགོས་ཞེས་བཏོན། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་། ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོད་པས། ང་ཚོས་ཁྱིམ་གཞིས་བསྐྱར་བསྐྲུན་ཡག་པོ་ཐུབ་པའི་ཡིད་ཆེས་ཡོད་ལ། ང་ཚོའི་འཚོ་བ་ཡང་ཇེ་ལེགས་ཇེ་རྒྱས་འགྲོ་ངེས་ཞེས་བཤད།

  རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཁུན་མིང་ཅུས་ཟོང་འདྲེན་པུའུ་ཡི་ཀྲུའུ་རེན་གཞོན་པ་ཐའོ་ཆང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཅོལ་སེམས་ལ་བརྟན་པོ་བཅངས་ཤིང་། ཚང་འཛོམས་གྲོགས་ཚོགས་ཀྱི་སྙིང་དོན་གྱིས་སྣེ་ཁྲིད་པ་དང་། ཆ་ཚང་ཞིང་གནད་ལ་ཕོག་པ་ཕྱོགས་ཡོངས་སུ་འཕེལ་རྒྱས་འགྲོ་བའི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མུ་མཐུད་དེ་ཀྲུང་གོ་དང་ལ་ཝོ་སིའི་བར་གྱི་ལྕགས་ལམ་འཁོར་བསྐྱོད་དང་སྲུང་སྐྱོང་ལས་ཀ་ཡག་པོ་བསྒྲུབས་ནས། རྒྱུད་ཅིག་ལམ་གཅིག་མཉམ་འཛུགས་སྤུས་མཐོར་གཏོང་བར་བྱས་རྗེས་འཇོག་དགོས་ཞེས་བཤད།

  རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས། ཚང་འཛོམས་གྲོགས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་ཀྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་ལས་ཀ་ཁག་ཡག་པོ་བསྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་པའི་རྣམ་པ་གསར་པ་གཏོད་པར་ཚན་རིག་དང་མཐུན་པའི་ཁ་ཕྱོགས་གསལ་པོ་བསྟན་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ངེས་རེད་ཟེར།

  ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྲེང་མིང་ཆོན་གྱིས། ཀྲུང་ཨུའི་ཚང་འཛོམས་གྲོགས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གྲོས་གཞི་ནི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་གྱི་རྩ་གནད་ཡིག་ཆ་ཡིན་ལ། ང་ཚོས་ཚང་འཛོམས་གྲོགས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་ནན་གྱིས་བསྒྲུབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་ཐོག་སྔར་ལས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལོན་དགོས་ཞེས་བཤད།

ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འགོ་གཙོ་གཞོན་པ་ལིའང་ཅན་གྱིས། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འབེབས་བྱས་པའི་རྒྱུན་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་རྒྱུན་ཆད་མེད་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ཇེ་ཟབ་གཏོང་བའི་གྲུབ་འབྲས་གལ་ཆེན་ཡིན་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་མཚོན་ཡོད་པས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་ཀ་ཡག་མོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བཤད།

  སྤུས་མཐོའི་འཕེལ་རྒྱས་ལ་རྦད་དེ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་ཇེ་བརྟན་གཏོང་དགོས། ཚང་མས་ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དང་། ཚང་འཛོམས་གྲོས་ཚོགས་ཐོག་འཆར་འགོད་བཟོས་པའི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་འཆར་གཞི་རླབས་ཆེན་དེ་ལས་རིམ་བཀོད་པ་དང་ལམ་ཐིག་རི་མོར་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཟེར།

  ཧྥུའུ་ཅན་ཞིང་ཆེན་རྒྱ་མཚོ་དང་ཉ་ལས་ཅུས་ཀྱི་འགོ་འཛིན་ཡན་ཀྲི་ཧོང་གིས། ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་བཟོས་པར་མ་ཟད། མི་ལ་སྐུལ་མ་ཐེབས་པ་དང་ལྟ་བ་གཅིག་མཐུན་བྱུང་ཡོད་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་ཞིང་། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་གཏོང་དགོས། ཧྥུའུ་ཅན་གྱིས་རྒྱ་མཚོའི་དགེ་མཚན་ལ་བརྟེན་ནས། རྒྱ་མཚོའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། དཔལ་འབྱོར་དར་བའི་ཞིང་ཆེན་ཆེན་མོས་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་བར་རྒྱ་མཚོའི་འཕེལ་ཤུགས་སྔར་ལས་མང་པོ་འདོན་རྒྱུ་ཡིན་ཞེས་བཤད།

  ཧྲན་ཏུང་ཞིང་ཆེན་ལའེ་ཞི་གྲོང་ཁྱེར་ཧོ་ཐུའུ་ཏན་གྲོང་རྡལ་སྲིད་གཞུང་འགོ་འཛིན་ཀྲང་ཁྲི་ཁྲེང་གིས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་བྱེད་སྐབས་བག་ཆགས་ཟབ་ཤོས་ནི་ཁ་ཕྱོགས་གསལ་ཞིང་ཡིད་ཆེས་བརྟན་པོ་དེ་རེད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་སྐབས་སུ་ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་བཀོད་སྒྲིག་ལ་དམིགས་པ་དང་། ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་བཏང་ནས། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཨང་ཀིའི་ཞིང་ལས་སོགས་ཁྱབ་ཁོངས་ཐད་ཤུགས་རྒྱག་པ། མི་སེར་མཉམ་དུ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་དགོས་ཞེས་བཤད།

  རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་གསར་པའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་དང་ཡིད་ཆེས་བརྟན་པོ། མཐུན་སྒྲིལ་འབད་བརྩོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལྟར་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་འགྲུབ་པའི་རྣམ་པ་གསར་པ་གཏོད་དགོས་ཞེས་བཤད།

  པེ་ཅིན་གྲོང་ཁྱེར་ཞི་ཁྲེན་ཆུས་ཏང་ཨུའི་ཧྲུའུ་ཅི་ལིའུ་ཏུང་ཝེ་ཡིས། ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ནས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་སྒྲུབ་པར་འབད་དགོས་པར་བསྟན། རྒྱལ་ས་བྱེད་ནུས་ལྟེ་གནས་ཀྱི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་སེམས་སུ་འཛིན་ཞིང་། གསར་བརྗེ་གདོང་ལེན་པའི་རྣམ་པ་བསྟན་ནས་འབད་བརྩོན་ལྷོད་མེད་དང་། མུ་མཐུད་འབད་འབུངས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་འགྲུབ་པའི་མདུན་གྲལ་དུ་སྐྱོད་པ་་ཡིན་ཞེས་བཤད།

  ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཀྲན་ཕིང་གིས། ཚང་འཛོམས་གྲོས་ཚོགས་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཐད་ཆེད་དོན་བཀོད་སྒྲིག་གནང་བ་དང་། ཀྲུང་གོའི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་དང་གཉིས་ཁེ་མཉམ་ལས་བྱེད་པའི་རྣམ་པ་གསལ་པོ་བསྟན་ཡོད་པས། ང་ཚོས་གཏན་ཁེལ་གཉིས་ཀྱི་ཆོད་དོན་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་དང་། སྐབས་བརྒྱད་པའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་འགན་ཡག་མོ་བསྒྲུབས་ནས། འཛམ་གླིང་རྒྱལ་ཁབ་སོ་སོ་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་གཏོང་དགོས་ཞེས་བཤད།


  • 顶