ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་༡༠པའི་ཚེས་༤ཉིན་གློག་འཕྲིན་འབྱོར་གསལ། ཚེས་༤ཉིན་གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་༡༠པའི་ཚེས་༣ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་༡༨༡༦.༢སྐྱེལ་འདྲེན་བྱས་པ་དང་ཟླ་༩པའི་ཚེས་༣༠ཉིན་ནས་བཟུང་ཉིན་༤རིང་བསྟུད་མར་འགྲུལ་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བརྒྱད་ལྷག་ཙམ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྐྱེལ་འདྲེན་བྱས་ཡོད་པ་རེད།
ཟླ་༡༠པའི་ཚེས་༤ཉིན། ལྕགས་ལམ་གྱི་འགྲུལ་རྒྱུན་རྒྱུན་ཆད་མེད་པར་སྐྱེལ་འདྲེན་འབོར་ཆེན་བྱེད་བཞིན་ཡོད་པ་མ་ཟད། ལམ་ཐག་ཉེ་འབྲིང་གཉིས་སུ་བསྐྱོད་པའི་འགྲུལ་པ་ཇེ་མང་དུ་སོང་ཡོད་ལ། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་༡༨༢༠སྐྱེལ་འདྲེན་བྱ་རྒྱུ་དང་། འགྲུལ་པའི་མེ་འཁོར་༩༠༣ཁ་སྣོན་གཏོང་རྩིས་ཡོད་པ་རེད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་མཉམ་དུ་ཚེས་ཤིང་གུང་གསེང་ཉིན་༨གཏོང་གི་ཡོད་པས་ཡུལ་སྐོར་དང་། གཉེན་ཉེར་འཚམས་འདྲིར་འགྲོ་བ། སློབ་མའི་འགྲུལ་བཞུད་སོགས་འགྲོ་འོང་གི་དགོས་མཁོ་ཕན་ཚུན་སྦྲེལ་ནས་མང་པོར་གྱུར་ཡོད་པས་ལྕགས་ལམ་གྱི་འགྲུལ་རྒྱུན་བསྡོམས་པས་འབོར་ཆེ་ལ། འགྲུལ་རྒྱུན་མགོ་རྔ་གཉིས་ཀྱི་དུས་མཚམས་ཐུང་ཞིང་། མགོ་རྔ་གཉིས་ཀྱི་ཐག་རིང་འགྲོ་མཁན་མང་བ་དང་། བར་དུ་ཐག་འབྲིང་ཐུང་དུ་འགྲོ་མཁན་མང་བ་སོགས་ཀྱི་ཁྱད་ཆོས་མངོན་ནས་བར་མཚམས་དང་དུས་མཚམས་ཁག་ཅིག་གི་འགྲུལ་རྒྱུན་མཉམ་དུ་འདུས་ཤིང་འཚང་ཁ་ཆེན་པོ་ཡོད།
ས་གནས་ཁག་གི་ལྕགས་ལམ་ལས་ཁུངས་ཀྱིས་གུང་གསེང་གི་འགྲུལ་སྐྱེལ་འཁོར་སྐྱོད་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱས་ཏེ་ལས་ཁུངས་ཁག་དང་ས་གནས་ཁག་མཉམ་འབྲེལ་སྒོས་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་བདེ་དང་དམངས་ཕན། དམངས་ཁེ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་ཞིང་སྤྲོ་སྣང་འཛོམས་པའི་ངང་འགྲུལ་བཞུད་བྱེད་པར་འགན་ལེན་བྱས་ཡོད།
རྒྱལ་ཁབ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཀྱིས་ལོ་ན་རྒས་པའི་འགྲུལ་པ་རྣམས་ལ་ཆེད་དུ་བྱམས་བརྩེའི་དབུ་དཀར་བགྲོད་ལམ་ཞེས་པ་བཏོད་དེ་མི་སྣ་བཀོད་སྒྲིག་བྱས་ནས་རླངས་འཁོར་སྒུག་རོགས་དང་། རྡོག་ཁྲེས་འཁུར་རོགས། གློག་རྡུལ་འཛིན་ཡིག་ཉོ་རོགས་བྱེད་པ་སོགས་ཀྱི་ཞབས་ཞུ་སྒྲུབ་པ་རེད།
རྒྱལ་ཁབ་ལྕགས་ལམ་ཞི་ཨན་ཅུས་ཀྱིས་རྫོང་དང་ཆུས་ཁག་གི་རིག་གནས་ཡུལ་སྐོར་ཅུས་དང་མཛེས་ལྗོངས་ཁུལ་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ཡུལ་སྐོར་འགྲུལ་བཞུད་ཀྱི་འགྱུར་ལྡོག་གནས་ཚུལ་ཁོང་དུ་ཆུད་པ་དང་། ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་དུས་ཐོག་ཏུ་མང་དུ་བཏང་ནས་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སྦྲེལ་མཐུད་ཡག་པོ་བྱས་ཡོད།
རྒྱལ་ཁབ་ལྕགས་ལམ་ཁྲེང་ཏུའུ་ཅུས་དང་ལྷོ་ཕྱོགས་གློག་དྲ་ཀུའེ་དབྱང་གློག་འདོན་ཅུས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེལ་འདྲེན་དང་བདག་སྐྱོང་མི་སྣ་བཀོད་སྒྲིག་བྱས་ཏེ་ཀུའེ་དབྱང་ས་ཚིགས་དང་ཀུའེ་དབྱང་བྱང་གི་ས་ཚིགས་སོགས་འགྲིམ་འགྲུལ་ལྟེ་གནས་ཀྱི་གློག་ཤུགས་སྒྲིག་བཀོད་ལ་བདེ་འཇགས་ཞིབ་བཤེར་བྱས་ཏེ་འགྲོ་སྐྱོད་བྱེད་པར་སྤྱོད་པའི་གློག་བདེ་འཇགས་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་པ་རེད། རྒྱལ་ཁབ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་ཀྱི་ཐེན་ཧྲན་གངས་ལྷ་མེ་ཏོག་ཞབས་ཞུ་རུ་ཁག་གིས་འཛུལ་སྒོ་དང་། འཛིན་བཤེར་སྒོ། ལངས་སྟེགས་སོགས་འགག་རྩའི་གནས་ཡུལ་དུ་རང་འགུལ་གྱིས་འགྲུལ་པ་རྣམས་ལ་སྤ་སེ་ཉོ་བའི་ཁྲིད་སྟོན་དང་། རྡོག་ཁྲེས་དབོར་འདྲེན་སོགས་གཅིག་འཐུས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
འཕྲིན་སྟེགས། weikangba