རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་10ཚེས་4ཉིན་བྷང་ག་ལའི་ཙུང་ཐུང་ཁྲུའུ་ཕུའུ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་ཚུན། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་མཛའ་མཐུན་འབྲེལ་བ་གོང་འཕེལ་བཏང་ནས། རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་བྷང་ག་ལའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ། དེ་བཞིན་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བས། ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ང་རང་གིས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཙུང་ཐུང་ཁྲུའུ་ཕུའུ་དང་ལྷན་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དེ་གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་མཛའ་བཤེས་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྔར་བས་མང་བ་བསྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཁྲུའུ་ཕུའུ་ཡིས། འདས་ཟིན་པའི་ལོ་ངོ་50རིང་། བྷང་ག་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཡུན་རིང་མཉམ་ལས་བཅས་བྱས་པའི་རྨང་གཞིའི་ཐོག བརྩེ་བ་ཟབ་མོའི་རྒྱུན་མཉམ་དུ་བསྐྱངས་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་ཡོད། ཀྲུང་གོས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། ཐུན་མོང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བྷང་ག་ལ་ཕྱོགས་ནས་ཚད་མཐོའི་བསྔགས་བརྗོད་ཞུ་ཡི་ཡོད་ཅིང་། ཀྲུང་གོས་དུས་ཡུན་རིང་པོའི་ནང་བྷང་ག་ལའི་རྒྱུན་མཐུད་རུང་བའི་གོང་འཕེལ་བྱ་གཞག་ཐད་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་སྔར་བས་མང་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སེ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད། ལི་ཆང་གིས། ཀྲུང་གོས་ཀྲུང་གོ་དང་བྷང་ག་ལའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། བྷང་ག་ལ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དེ་གོ་སྐབས་སུ་བརྩིས་ཐོག སྤུས་ཚད་མཐོ་པོས“ རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་བྷང་ག་ལའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།
ཡིའུ་ནུའུ་སེ་ཡིས། བྷང་ག་ལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་སྔོན་མོའི་ཆུ་ལས་རིང་ཞིང་རྡོ་རྗེའི་བྲག་ལས་བརྟན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གོང་འཕེལ་བརྟན་པོ་བྱུང་བ། ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པས། རྟེན་འབྲེལ་ཞུ་རིན་ཡོད་པ་ཞིག་ཡིན། བྷང་ག་ལ་ཕྱོགས་ནས་བྷང་ག་ལ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་བས་མང་བ་ཐོབ་ཆེད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
འཕྲིན་སྟེགས། weikangba