རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།

2025-10-01
208


   ཚེས་སུམ་ཅུ་ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་དྲུག་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུའི་ནང་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། 

  ཁོང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་ནི་སྔ་ན་མེད་པའི་རླབས་ཆེན་བྱ་གཞག་རེད། མདུན་ལྗོངས་དང་འགྲན་སློང་གཉིས་ཀྱིས་ང་ཚོས་དུས་ཚོད་དམ་འཛིན་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འབད་འབུངས་ཀྱི་སྙིང་སྟོབས་བསྐྱེད་ཡོད། ང་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་དང་། ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྡུག་རུས་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས་ཞེས་གསུངས། ལི་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་སྣེ་ལེན་ཚོགས་འདུའི་ནང་ཞུགས། རྒྱལ་ཕྱི་ནང་གི་མི་སྣ་བརྒྱད་བརྒྱ་ཙམ་ལྷན་དུ་འཛོམས་ནས། མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། 



  མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཆེན་གྱི་གློག་སྒྲོན་ཁྲ་ཆིལ་ལེ་མངོན་པ་དང་། དགའ་སྟོན་རྟེན་འབྲེལ་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་དུས་ཆེན་གྱི་རྣམ་པས་ཁེངས།  ཀྲུའུ་ཞི་སྟེགས་བུའི་ཐོག་ཏུ་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་འགེལ་ཡོད་པ་དང་། ༡༩༤༩ལོ་ནས་༢༠༢༥ལོ་ཞེས་པའི་ཡིག་འབྲུ་ཆེན་མོ་ཚོན་མདངས་བཀྲ་བའི་དར་དམར་འོག་ལྷག་ཏུ་ཝ་ལེར་མངོན་འདུག ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་ཐོག སྙན་འཇེབས་ཀྱི་མགྲོན་བསུ་སྙན་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ནས། ཚང་མར་གུས་པའི་ཕྱག་བརྡ་གནང་བ་དང་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཐལ་སྒྲས་ཁེངས་པ་རེད།
     སྣེ་ལེན་ཚོགས་འདུ་འགོ་ཚུགས་མ་ཐག ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་། བརྗིད་ཉམས་ལྡན་པའི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་ཚོམས་ར་ཡོངས་སུ་ཁྱབ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
    ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་སྤུན་ཟླ་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་། ཀྲུང་གོ་འཛུགས་སྐྱོང་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་ཡུན་རིང་བྱེད་པའི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་གྲོགས་པོ་དག་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་རེད།

  ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་དྲུག་འཁོར་བའི་རིང་། ཏང་གིས་སྣེ་ཁྲིད་ནས་མི་དམངས་རང་ཁ་རང་གསོ་དང་འབད་འབུངས་ཧུར་ཐག་བྱས་ཏེ། ལོ་རྒྱུས་དེབ་ཐེར་དུ་ངོ་མཚར་བའི་གྲུབ་འབྲས་རླབས་པོ་ཆེ་བླངས་ཡོད། ལོ་རྒྱུས་ཕྱིར་དྲན་བྱེད་དུས། ཀྲུང་ཧྭ་མི་རིགས་ནི་ཉམས་ཉེན་ནས་རླབས་ཆེའི་བསྐྱར་དར་དང་།  དཀའ་བ་ཁྱད་བསད་དང་ངལ་བ་དང་དུ་བླངས་ཏེ། སྤོབས་པ་ཆེན་པོའི་ངང་ནས་རྒྱལ་ཁའི་གླུ་གཞས་བླངས་ཡོད། ཉེ་ཆར། ང་ཚོས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་གཟབ་རྒྱས་བྱས་ནས། མི་རིགས་ཀྱི་སྙིང་སྟོབས་སྐུལ་སྤེལ་དང་། རྒྱལ་གཅེས་བརྩེ་སེམས་སྐུལ་སློང་། འབད་བརྩོན་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད། མུ་མཐུད་དུ་ལོ་རྒྱུས་ཀྱི་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་འཛུགས་སྐྱོང་དེ་ལས་ལྷག་པ་བྱས་ནས། འགོ་ཁྲིད་རྒན་རབས་པ་དང་སྔོན་གཤེགས་དཔའ་བོས་བཏོད་པའི་བྱ་གཞག་རྒྱུན་ཆད་མེད་པར་དར་རྒྱས་གཏོང་དགོས་ཞེས་གསུངས། 

  ཞི་ཅིན་ཕིང་གིས། ད་ལོ་ནས་བཟུང་། རྙོག་འཛིང་གི་གནས་བབ་མདུན་ནས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་དང་སྤུས་མཐོའི་འཕེལ་རྒྱས་གང་ཐུབ་བཏང་ཞིང་། དམངས་འཚོ་འགན་སྲུང་ལེགས་བསྒྱུར་ལ་འབད་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ཟབ་སྤེལ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་ཡོད། ཟླ་བ་རྗེས་མར། ང་ཚོའི་ཏང་གིས་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་གྲོས་འགོ་ལ་ཞིབ་འཇུག་གཏན་འབེབས་བྱ་རྒྱུ་ཡིན། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དང་འཐབ་ཇུས་བྱེད་ཐབས་འཆར་འགོད་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས་ལ། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཐུབ་པ་ཁག་ཐེག་བྱེད་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས། བགྲོད་ལམ་གསར་པའི་ཐོག ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་ནས། ཞང་ཀང་དང་ཨའོ་མོན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་ཞུགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ཟབ་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཐའེ་ཝན་རང་བཙན་ཁ་བྲལ་གྱི་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བརྟན་པོ་བྱེད་དགོས་ཞེས་ནན་གསུང་གནང་། 

  ཞི་ཅིན་ཕིང་གིས། ལོ་བརྒྱའི་འགྱུར་ལྡོག་མགྱོགས་ཤིང་མྱུར་བའི་རྒྱལ་སྤྱིའི་གནས་བབ་མདུན་ནས། ང་ཚོས་ཤུགས་ཆེན་པོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་དང་། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ཏེ། འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་གྲོས་འགོ། འཛམ་གླིང་དཔལ་ཡོན་གྲོས་འགོ། འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཅས་ཀྱི་ལག་བསྟར་ལ་སྐུལ་ནས། རྒྱལ་ཁབ་ཁག་དང་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།

  སྣེ་ལེན་གྲོས་ཚོགས་ལ་ཕེབས་མཁན་ད་དུང་པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འགོ་འཛིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འགོ་ཁྲིད་ཀྱི་ལས་གནས་ཐོག་མར་བབས་པའི་བློ་མཐུན། དེ་བཞིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་གྱི་འགན་ཁུར་མྱོང་བའི་བློ་མཐུན། ཀྲུང་དབྱང་ཏང་སྲིད་དམག་དམངས་འབྲེལ་ཡོད་སྡེ་ཁག་དང་པེ་ཅིན་གྲོང་ཁྱེར་གྱི་འགོ་འཛིན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་འཛིན་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་སྐུ་ཚབ། པེ་ཅིན་དུ་ཡོད་པའི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་སྐུ་ཚབ། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་མི་སྣའི་སྐུ་ཚབ། མི་རིགས་ས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་བྱས་རྗེས་བཞག་པའི་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་མི་སྣ། པེ་ཅིན་དུ་ཡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་མི་སྣ་ཁ་ཤས། ཨའོ་མན་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་མི་སྣ་ཁ་ཤས། ཐའེ་ཝན་སྤུན་ཟླ་དང་ཕྱི་སྡོད་རང་མི། ཀྲུང་གོ་བའི་སྐུ་ཚབ། རྒྱལ་ཁབ་སོ་སོའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་ཀྲུང་གོར་བཅའ་སྡོད་བྱེད་པའི་སྐུ་ཚབ། ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་སོགས་སྣེ་ལེན་གྲོས་ཚོགས་ནང་ཞུགས་པ་རེད། དགའ་སྤྲོའི་རོལ་དབྱངས་ཁྲོད། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ཀྱིས་ཆང་ཕོར་བཀྱགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་དྲུག་འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་དར་རྒྱས་གོང་འཕེལ་དང་མི་དམངས་ལ་བདེ་སྐྱིད་ལྡན་པའི་སྨོན་འདུན་དང་། ཀྲུང་གོ་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་བརྩེ་ཕྱི་ཐག་རིང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

  • 顶