རྒྱ་གར་དུ་རྡོག་རྫིས་དོན་རྐྱེན་བྱུང་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར།

2025-09-29
477

ཚེས་༢༨ཉིན་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༢༧ཉིན་རྒྱ་གར་གྱི་ཐའེ་མེར་ན་ཏེ་པང་དུ་མི་ཚོགས་འཚང་ཁ་བརྒྱབ་སྟེ་རྡོག་རྫིས་དོན་རྐྱེན་བྱུང་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར།

རྡོག་རྫིས་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཚེས་༢༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་དང་སྐར་མ་ཞེ་ལྔ་ཡས་མས་སུ་བྱུང་ཡོད་ལ། འདུ་ཚོགས་ནང་དུ་ཞུགས་པའི་མི་ཚོགས་མང་པོ་གར་སྟེགས་ཐོག་ཏུ་འཚང་ཁ་བརྒྱབ་པ་དང་། མི་འགའ་ཤས་ཤིག་རྡོག་སྣ་ཐོགས་ནས་འགྱེལ་རྗེས་རྡོག་རྫིས་ཐེབས་པ་རེད། གནས་ཚུལ་དངོས་མཐོང་མཁན་གྱིས་དོན་རྐྱེན་བྱུང་སར་མི་ཚོགས་མང་དྲགས་པས་འཚང་ཁ་ཤིན་ཏུ་ཆེ་ཟེར།

  གསར་འགྱུར་ལས་བཤད་པ་ལྟར་ན། ཆབ་སྲིད་འདུ་ཚོགས་དེ་ནི་ས་གནས་དེ་གའི་འཁྲབ་སྟོན་པ་གྲགས་ཅན་ཞིག་གིས་བསླངས་ཤིང་། ཁོང་གིས་བཙུགས་པའི་སྲིད་ཏང་སང་ལོའི་ལོ་འགོར་འཚོག་རྒྱུའི་ས་གནས་འདེམས་བསྐོའི་ནང་དུ་ཞུགས་ནས་བདམས་ཐོན་ལེགས་འགྲུབ་ཆེད་དུ་འཚོགས་པ་རེད།

  དོན་རྐྱེན་བྱུང་རྗེས། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་ཏུ་རྩོམ་ཡིག་བཀོད་ནས་དོན་རྐྱེན་ཁྲོད་ཀྱི་འདས་པོ་རྣམས་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུས་པ་དང་རྨས་མ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་རེད། ཐའེ་མིའར་ན་ཏེ་པང་སྲིད་གཞུང་གིས་དོན་རྐྱེན་བྱུང་དོན་བརྟག་དཔྱད་བྱ་དགོས་པའི་བཀའ་བཏང་ཡོད་པ་རེད།

  • 顶