བུ་གསོའི་ཁ་གསབ་དངུལ་གྱི་དོ་དམ་ཚད་གཞི་གསར་པ་བཏོན་འདུག

2025-09-22
320
  རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུའུ་ཡིས་ཟླ་༩པའི་ཚེས་༡༨ཉིན། བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་དོ་དམ་ཚད་གཞི༼ ཚོད་ལྟ་ལག་བསྟར༽ པར་འགྲེམས་བྱས་པ་རེད། དོ་དམ་ཚད་གཞི་དེའི་ནང་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། དམངས་ཕན་དང་། བདེ་འཇགས་ཚད་ལྡན། སྟབས་བདེ་གོ་ཆོད་བཅས་ནན་སྟོན་བྱས་ཏེ། གཙོ་བོ་གཤམ་གསལ་གྱི་གཙོ་གནད་བཞི་བཏོན་ཡོད་དེ།

  བུ་གསོའི་ཁ་གསབ་དངུལ་རེ་ཞུ་བྱེད་པའི་ཐོབ་ཐང་ཁ་གསལ་བཟོ་བ་དང་། རེ་ཞུ་བྱེད་པའི་ཡིག་ཆ་ཁུ་བསྡུ་བྱེད་པ། རེ་ཞུ་བྱེད་པའི་གོ་རིམ་ལེགས་སུ་གཏོང་བ། དྲ་ཐོག་ནས་རེ་ཞུ་བྱ་རྒྱུ་གཙོ་བོར་འཛིན་དགོས། ཞིབ་བཤེར་ལས་དོན་ནང་གྲངས་གཞི་ཆེན་པོའི་ཞིབ་བཤེར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པ་ནན་སྟོན་བྱས་པ་དང་། ཐོག་མའི་ཞིབ་བཤེར་དང་ཞིབ་བཤེར་གཏན་འཁེལ་གྱི་ལས་དོན་དེ་རྩ་དོན་ཐོག་ལས་ཀའི་ཉིན་༣༠ཡི་ནང་ལེགས་སྒྲུབ་བྱ་དགོས།

  བུ་གསོའི་ཁ་གསབ་ལོ་ལྟར་ཐེངས་གཅིག་སྤྲོད་དགོས། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁ་གསབ་སྤྲོད་པའི་དུས་ཚོད་གཏན་འཁེལ་བྱ་དགོས་པ་དང་། རྩ་དོན་ཐོག་དུས་ཚིགས་རེར་ཉུང་མཐར་ཡང་གཅིག་སྡུད་ཐོག་ཁག་གཅིག་སྤྲད་དེ་ཁ་གསབ་དངུལ་དུས་ཐོག་དང་འདང་ངེས་ལྟར་སྤྲོད་ཐུབ་པ་བྱ་དགོས། ཁ་གསབ་སྤྲོད་པའི་ཐབས་ལམ་ནི་རེ་ཞུ་བྱེད་མཁན་ནམ་ཡང་ན་ཕྲུ་གུའི་དངུལ་བྱང་ངམ་དངུལ་རྩའི་ཐོ་ཁོངས་གཞན་དག་ཡིན། 

ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ་སྤྱི་བདེ་དང་། དམངས་སྲིད་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་ཐང་སོགས་ཕྱོགས་མང་པོའི་ཆ་འཕྲིན་བེད་སྤྱོད་གང་ལེགས་བྱས་ནས་བསྡུར་བ་གཏོང་དགོས། རིམ་པ་ཁག་གི་ཆ་འཕྲིན་མ་ལག་སྤྱོད་མཁན་གྱིས་ཆ་འཕྲིན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་དགོས་པ་ལས་དབང་ཆ་ལས་བརྒལ་ཏེ་ཆ་འཕྲིན་ཐག་གཅོད་བྱེད་མི་ཆོག་པ་དང་། རང་དགར་ཕྱི་ཕྱོགས་སུ་འབྲེལ་ཡོད་ཆ་འཕྲིན་འདོན་སྤྲོད་དང་ཁྱབ་བསྒྲགས་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད། 

  བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་བྱེད་པར་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་པ་ཁ་གསལ་བཟོས་ཡོད། རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གིས་མ་དངུལ་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། ལས་ཚབ་གཏོང་སྤྲོད་ལས་ཁུངས་དང་ལས་དོན་མི་སྣར་དོ་དམ་བྱེད་པའི་བླང་བྱ་ཁ་གསལ་བཟོ་དགོས་པའི་བླང་བྱ་བཏོན་ཡོད། ཁ་གསབ་མ་དངུལ་གཡོ་ལེན་དང་རྫུན་ལེན་བྱེད་མཁན་ལ་མ་དངུལ་ཚུར་ལེན་བྱ་རྒྱུ་མ་ཟད་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏང་རྒྱུ་རེད།

  • 顶