ཉེ་ཆར་འཚོགས་པའི་མཁའ་མཐའ་འཚོལ་ཞིབ་ཐེན་ཏུའུ་རྒྱལ་སྤྱིའི་ཚོགས་འདུ་སྐབས་གསུམ་པའི་ཐོག ཀྲུང་གོའི་ཟླ་དཔྱད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཝུའུ་ཝེ་རེན་གྱིས་མཚམས་སྦྱོར་བྱས་དོན། རང་རྒྱལ་གྱིས་རྒྱུ་སྐར་ཆུང་བ་ཞིག་ལ་འགུལ་ནུས་རྡུང་རྡེག་དཔེ་སྟོན་ར་སྤྲོད་ལས་འགན་ལག་བསྟར་བྱ་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པ་དང་། རྒྱུ་སྐར་ཆུང་བའི་འགོག་སྲུང་ཇུས་གཞིའི་ལག་བསྟར་བྱེད་འཐུས་རང་བཞིན་ར་སྤྲོད་བྱེད་བཞིན་ཡོད།
ཡོན་ཧྲི་ཝུའུ་ཝེ་རེན་གྱིས་མཚམས་སྦྱོར་བྱས་པར་གཞིགས་ན། ལས་འགན་འདིར“འགྲོགས་འཕུར+རྡུང་རྡེག+འགྲོགས་འཕུར”ལས་འགན་དཔེ་རྣམ་སྤྱད་དེ་ལྟ་ཞིབ་ཚད་ལེན་ཡོ་བྱད་དང་རྡུང་རྡེག་ཡོ་བྱད་གཏོང་རྒྱུ་རེད། ལྟ་ཞིབ་ཚད་ལེན་ཡོ་བྱད་སྔོན་ལ་དམིགས་འབེན་རྒྱུ་སྐར་ཆུང་བའི་ཉེ་འཁོར་དུ་འབྱོར་ནས་ལྟ་ཞིབ་ཚད་ལེན་བྱས་ཏེ། དེའི་ཞིབ་ཕྲའི་ཁྱད་ཆོས་དཔྱད་གྲངས་ཐོབ་རྗེས། རྡུང་རྡེག་ཡོ་བྱད་ཀྱིས་རྒྱུ་སྐར་ཆུང་བར་མགྱོགས་མྱུར་ངང་རྡུང་རྡེག་གཏོང་རྒྱུ་ཡིན། རྡུང་རྡེག་ཀྱི་བརྒྱུད་རིམ་ཧྲིལ་པོ་གནམ་ས་མཉམ་འབྲེལ་བྱེད་སྟངས་བརྒྱུད་ཐག་ཉེ་བའི་མྱུར་བགྲོད་བརྙན་གྲུབ་སོགས་ཀྱི་ལག་རྩལ་སྤྱད་དེ་རྒྱུ་སྐར་ཆུང་བའི་འཁོར་ལམ་དང་། རྣམ་པ། གཏོར་འཕྲོའི་དངོས་པོའི་འགྱུར་ལྡོག་བཅས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་རྡུང་རྡེག་གི་ཕན་འབྲས་ལ་དཔྱད་དཔོག་ཡང་དག་བྱ་རྒྱུ་ཡིན།
བྱེ་བྲག་ཏུ་བཤད་ན། སའི་གོ་ལའི་བར་ཐག་སྤྱི་ལེ་ཁྲི་1000ཡས་མས་ཀྱི་ས་རུ་ཁ་གཏད་དུ་ཡོང་བའི་གནམ་གཟུགས་ཆུང་བ་ལ་འགུལ་ནུས་རྡུང་རྡེག་ཡོ་བྱད་འཕེན་གཏོང་བྱས་ཏེ། འགུལ་ནུས་ཧ་ཅང་ཆེན་པོ་འབྱུང་བར་བརྩོན་ལེན་བྱས་ནས་གནམ་གཟུགས་ཆུང་བའི་འཁོར་ལམ་བསྒྱུར་གང་ཐུབ་བྱ་རྒྱུ་དཔེར་ན། མིག་སྔའི་འཆར་གཞི་ལྟར་ན། ལི་སྨི་3ནས་5བར་གྱི་འཁོར་ལམ་བསྒྱུར་ནས་རྒྱུ་སྐར་ཆུང་བ་དེ་ཉུང་མཐར་ཡང་ལོ་བཅུ་ཕྲག་ཁ་ཤས་ནས་ལོ་100བར་སའི་གོ་ལར་རྡུང་རྡེག་མི་ཐུབ་པར་བྱེད་དགོས།

མཚམས་སྦྱོར་བྱས་པར་གཞིགས་ན། རྒྱུ་སྐར་ཆུང་བ་འཚོལ་དཔྱད་དང་། འགོག་སྲུང་། ཐོན་ཁུངས་གསར་སྤེལ་བཅས་བྱས་པ་ལས་མིའི་རིགས་ཡོངས་ལ་འཐབ་ཇུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཀྱང་ཡིན།
འཕྲིན་སྟེགས། weikangba