ཟླ་བ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཐེན་ཅིན་མའེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་གསོལ་སྟོན་བཤམས་ཏེ་ཀྲུང་གོར་ཕེབས་ནས ༢༠༢༥ ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་འཛོམས་གྲོས་ཚོགས་ནང་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས།
ཧའེ་ཧོ་གཙང་པོའི་འགྲམ་དུ་འོད་དམངས་རྣམ་པར་བཀྲ།
རྩེ་འཛོམས་གྲོས་ཚོགས་ནང་ཞུགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ། སྤེལ་རེས་རོགས་ཟླའི་རྒྱལ་ཁབ། ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་སོགས་ཕྱི་རྒྱལ་གྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་འཛིན་དང་དེ་མིན་བཟའ་ཟླ་བཅས་མི་ཉི་ཤུ་ལྷག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ་བཅུ་བཅས་སྔ་རྗེས་སུ་འབྱོར་ཡོད། གུས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་སོ་སོའི་རོལ་དབྱངས་གྲགས་ཅན་གྱི་དབྱངས་རྟ་དང་བསྟུན་ནས། རྒྱལ་སྤྱིའི་སྐུ་མགྲོན་རྣམས་ཀྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་རྒྱལ་དར་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དར་ཆ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་བཅས་ལས་གྲུབ་པའི་བརྗིད་ཉམས་ལྡན་པའི་དར་ཆའི་ཀློང་ནས་ས་གདན་དམར་པོ་དེད་ནས་མདུན་དུ་ཕེབས།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕྱི་རྒྱལ་གྱི་འགོ་ཁྲིད་བཟའ་ཟླ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་མཛད་ཅིང་ཁོང་ཚོ་དང་སྙིང་ཉེ་བའི་སྒོ་ནས་ཕྱག་འཇུ་དང་ཕན་ཚུན་འཚམས་འདྲི་གནང་བ་མ་ཟད་དྲན་རྟེན་མཉམ་པར་བསྐྱོན།
སྙན་འཇེབས་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་རྣམས་དང་མཉམ་དུ་གསོལ་སྟོན་ཁང་དུ་ཕེབས།
ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་ནས་ཀྲུང་གོར་ཕེབས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་འཛོམས་གྲོས་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ་ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཛིན་བྱེད་དེ། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཇེ་བརྟན། དོན་གཉེར་མཉམ་ལས་ཟབ་སྤེལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ཞུགས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། བརྟན་བརླིང་མིན་པ་དང་ངེས་གཏན་མེད་པ། སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་ཕྱིན་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་དེ་བས་ལྗིད་མོར་གྱུར། ཐེངས་འདིའི་རྩེ་འཛོམས་གྲོས་ཚོགས་ཀྱིས་ཕྱོགས་སོ་སོའི་ངོས་འཛིན་གཅིག་མཐུན་ཕྱོགས་གཅིག་ཏུ་བསྡུ་བ་དང་མཉམ་ལས་ཀྱི་སྒུལ་ཤུགས་ལ་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་འཆར་གཞི་འགོད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་འོག རྩེ་འཛོམས་གྲོས་ཚོགས་བདེ་བླག་ངང་འཚོག་ཐུབ་ངེས་ཡིན་པར་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་རྒྱུ་དང་འཕེལ་རྒྱས་དེ་བས་ཆེན་པོ་མངོན་འགྱུར་བྱས་ཏེ་ཁོངས་གཏོགས་རྒྱལ་ཁབ་ཕན་ཚུན་མཐུན་སྒྲིལ་རོགས་རེས་ལ་སྐུལ་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུ་བ། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་གྱི་བྱ་གཞག་ལ་རམ་འདེགས་བྱེད་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས་ཐེན་ཅིན་ནི་སྒོ་འབྱེད་དང་གུ་ཡངས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། གནའ་ནས་བཟུང་རྒྱལ་སའི་མཐའ་ཉེའི་ས་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་བསྐྱོད་ཁུལ་ཡང་རེད། པེ་ཅིན་དང་ཐེན་ཅིན། ཧོ་པེ་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐེན་ཅིན་འཛུགས་སྐྱོང་བྱེད་པར་རྒྱུན་ཆད་མེད་པར་རྣམ་པ་གསར་པ་བཏོད་དང་གཏོད་བཞིན་ཡོད། ཐེན་ཅིན་དུ་ཐེངས་འདིའི་རྩེ་འཛོམས་གྲོས་ཚོགས་འཚོག་པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྤྲོད་ཐུབ་ངེས་རེད་ཅེས་གསུངས།
གསོལ་སྟོན་གྱི་རྗེས་ལ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་རྣམས་དང་མ་འོངས་མཉམ་དུ་གཏོད་ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་ལྟད་མོ་བལྟས་ནས་ཤེས་རིག་ཕན་ཚུན་མིག་དཔེར་འཛིན་པ་དང་། མེ་ཏོག་མཉམ་བཞད་བྱེད་པའི་འཆམ་མཐུན་གྱི་རྣམ་པ་བཟང་པོར་མྱོང་རོལ་གནང་བ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོ་འདིས་མཐུན་སྒྲིལ་མཉམ་ལས་དང་མཉམ་དུ་འོད་སྟོང་འབར་བའི་བྱ་གཞག་གཏོད་པའི་འབད་པ་ཡར་བརྩོན་གྱི་སྟོབས་ཤུགས་མྱོང་ཚོར་གནང་། ཚའེ་ཆི་དང་ཝང་དབྱིས། ཁྲེན་རྨིན་ཨེར། ཝང་ཞའོ་ཧུང་སོགས་བྱེད་སྒོའི་ནང་ཞུགས།
དགའ་བསུའི་གསོལ་སྟོན་མ་འཚོག་གོང་། སྐུ་མགྲོན་རྣམས་ཀྱིས་ཐེན་ཅིན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་རེད།
འཕྲིན་སྟེགས། weikangba