ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ཀྱི་ས་ཆ་འདི་དག་ལ་བརྟག་ཞིབ་གནང་འདུག

2025-08-23
230

  ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་༨ཚེས་༢༢ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ནས། ཚེས་༢༢ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་པ་གཙོ་བོ་དང་ཡན་ལག་ཚོགས་པ་ཁག་གཞིས་ཀ་རྩེ་དང་། མངའ་རིས། ཆབ་མདོ། ནག་ཆུ། ཉིང་ཁྲི། ལྷོ་ཁ་བཅས་ལ་ཕེབས་ཏེ། ཡུལ་སོ་སོའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱ་དགོས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གཏོང་བའི་ཁྲོད་ཆད་ལུས་མེད་པར་དོན་འཁྱོལ་བྱ་དགོས་པར་ནན་བཤད་གནང་བ་རེད།  ཡན་ལག་སྐུ་ཚབ་ཚོགས་པས་ཡུལ་སོ་སོར་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་བྲིས་ལག་བསྟར་མ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་བརྩམ་དགོས་ཞེས་པའི་རྟེན་འབྲེལ་སྒོ་བན་གནང་བ་རེད། 

  ཟླ་༨ཚེས་༢༢ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཏང་ཀྲུང་དབྱང་གི་བྱམས་བརྩེ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ནས། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་ཅིག་གིས་གཞིས་ཀ་རྩེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད། འདི་ནི་ཝང་ཧུའུ་ཉིང་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་ཅིག་དིང་རི་རྫོང་གྲམ་མཚོ་ཤང་ཟེ་དཀར་གྲོང་ཚོའི་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་སླར་གསོ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྤོའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བའི་རྣམ་པ་རེད། 

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་གིས་སྐུ་ཚབ་ཚོགས་པ་གཙོ་བོའི་སྣེ་ཁྲིད་དེ་དིང་རི་རྫོང་གི་ས་ཡོམ་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྤོའི་གནས་ཚུལ་ལ་རྟོབ་ཞིབ་གནང་བ་དང་འབྲེལ། གྲམ་མཚོ་ཤང་ཟེ་དཀར་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རིའི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཅས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་པས། ཁྱིམ་གཞིས་བསྐྱར་སྐྲུན་གྱི་ལས་དོན་ཞིབ་ཚགས་དང་དོན་ཐོག་ལ་སྨིན་པར་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་འབུལ་ལོག་ཐེབས་པར་སྔོན་འགོག་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད། སྐུ་ཚབ་ཚོགས་པ་གཙོ་བོ་པ་སྣམ་རྫོང་དགའ་གདོང་གྲོང་རྡལ་ཨ་གཡའ་གྲོང་ཚོར་ཕེབས་ཏེ་གཞི་རིམ་ཏང་འཛུགས་དང་། གྲོང་གསེབ་དར་རྒྱས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ལ་རྟོབ་ཞིབ་གནང་སྟེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཝང་ཧུའུ་ཉིང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད། སྐུ་ཚབ་ཚོགས་པ་གཙོ་བོས་གཞིས་ཀ་རྩེ་རྒྱལ་སྤྱིའི་སྐམ་ས་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་བྱེད་སར་བརྟག་ཞིབ་གནང་སྐབས།  ཝང་ཧུའུ་ཉིང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཟམ་མི་ཆད་པར་གོང་མཐོར་གཏོང་བར་སྐུལ་འདེད་བཏང་ནས། མདོ་དབུས་མཐོ་སྒང་གི་ནམ་མཁའ་སྔར་བས་དྭངས་པ་དང་། ས་གཞི་སྔར་བས་སྔོ་བ། ཆུ་མོ་སྔར་བས་གཙང་བ། ཁོར་ཡུག་སྔར་བས་མཛེས་པ་བཅས་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད།

  ཟླ་༨ཚེས་༢༢ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཏང་ཀྲུང་དབྱང་གི་བྱམས་བརྩེ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ནས། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་ཅིག་གིས་གཞིས་ཀ་རྩེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད། འདི་ནི་ཝང་ཧུའུ་ཉིང་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་ཅིག་པ་སྣམ་རྫོང་གདོང་དཀར་གྲོང་རྡལ་ཨ་གཡའ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལས་དོན་ལ་བརྟག་ཞིབ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་མཁྱེན་རྟོགས་གནང་བའི་རྣམ་པ་རེད། 

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཀན་ཅེ་ཡིས་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་ཕེབས་ནས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་སྤེལ་ཚུལ་སོགས་ལ་མཁྱེན་རྟོགས་གནང་བ་རེད། མངའ་རིས་ས་ཨུད་ཀྱི་སྒོ་རའི་ནང་། ལི་ཀན་ཅེ་དང་བཅས་པས་མངའ་རིས་ས་ཁུལ་གྱི་དབུ་ཁྲིད་དཔུང་ཁག་གི་ཁོངས་མི་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་སྐུ་པར་བསྐྱོན་པ་རེད། དེའི་རྗེས། སྐུ་ཚབ་ཚོགས་པ་སྡེ་ཁུལ་དང་། སློབ་གྲྭ ཐོན་ལས་གླིང་། སྨན་ཁང་བཅས་སུ་ཕེབས་ནས། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། གཞི་རིམ་བཅོས་སྐྱོང་། སློབ་གསོའི་བོད་སྐྱོར། ཞིང་ལས་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ལི་ཀན་ཅེ་ཡིས་མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་མོས་སེམས་ལྔ་ཟམ་མི་ཆད་པར་གོང་མཐོར་གཏོང་བ། མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ལེགས་པོ་སྒྲུབ་པ་སོགས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་མཉམ་སྤྱོད་བྱ་དགོས་ཞེས་གསུངས་པ་རེད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་གོ་ཆིང་གིས་ཆབ་མདོའི་ཡན་ལག་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཐོག་མར་ཆབ་མདོ་གྲངས་རིག་སྐྱེ་ཁམས་ཐོན་ལས་གླིང་བཀྲ་ཤིས་ཐང་ཆེན་དུ་ཕེབས་ནས་དམར་མདངས་ཆབ་མདོ། དར་རྒྱས་མདུན་སྐྱོད་ཅེས་པའི་མང་ཚོགས་ཀྱི་རྩལ་ནུས་འགྲེམས་སྟོན་བྱེད་སྒོར་བརྟག་ཞིབ་གནང་བ་རེད། དེའི་རྗེས། སྐུ་ཚབ་ཚོགས་པ་དཀྱིལ་ཐང་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ་རེད། ཕྱི་དྲོ། ཆབ་མདོ་ཁུལ་གསར་ཤར་ཕྱོགས་གློག་རླངས་ས་བབ་མཐོ་བའི་རླུང་གློག་ཐོན་ལས་རྟེན་གཞིར་ཀྲང་གོ་ཆིང་དང་བཅས་པས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་ལ་བརྟག་ཞིབ་གནང་བ་རེད། བྱམས་པ་གླིང་དགོན་དུ་ཀྲང་གོ་ཆིང་གིས་དགོན་སྡེ་དོ་དམ་དང་རིག་དངོས་སྲུང་སྐྱོབ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། བྱམས་པ་གླིང་དགོན་ལ་རྟེན་འབྲེལ་སྒོ་བན་གནང་བ་རེད། དེའི་རྗེས། སྐུ་ཚབ་ཚོགས་པས་ཆབ་མདོ་གྲོང་ཁྱེར་གྱི་འགོ་ཁྲིད་དཔུང་ཁག་གི་ཁོངས་མི་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་སྐུ་པར་བསྐྱོན་པ་རེད། ཀྲང་གོ་ཆིང་གིས་ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་དར་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་གསུངས་པ་རེད།

  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་ཡན་ལག་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། ནག་ཆུ་གསེར་རྙེད་ཆུས་ཧང་ཅ་གྲོང་གསར་དུ་ཕེབས་ནས། ཁྲི་སྟོང་ལས་གྲྭའི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་འབྲོག་པ་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཕྱི་དྲོ། སྐུ་ཚབ་ཚོགས་པ་ནུས་རྒྱུ་གཙང་མའི་ཐོན་ལས་གླིང་དང་སྨན་ཁང་ལ་ཕེབས་ནས་འཕེལ་རྒྱས་བྱུང་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། དེ་ནས་ཞབས་བརྟན་དགོན་དུ་འདུ་ཤེས་གསུམ་གྱི་སློབ་གསོ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། དེ་བཞིན་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། རྟེན་འབྲེལ་སྒོ་བན་གནང་བ་རེད། ད་དུང་ནག་ཆུ་གྲོང་ཁྱེར་སློབ་ཆུང་དུ་ཕེབས་ནས་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། དེའི་རྗེས། བློ་བཟང་རྒྱལ་མཚན་དང་བཅས་པས་ནག་ཆུ་གྲོང་ཁྱེར་ཏང་སྲིད་གྲོས་ཚོགས་ལྟེ་གནས་སུ་ཕེབས་ཏེ། ནག་ཆུ་གྲོང་ཁྱེར་གྱི་འགོ་ཁྲིད་དཔུང་ཁག་གི་ཁོངས་མི་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ལྷན་དུ་སྐུ་པར་བསྐྱོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ནག་ཆུའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྟག་ཏུ་དོན་དངོས་ལ་གཞིགས་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྟག་ཏུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་འཛུགས་སྐྱོང་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནག་ཆུའི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་གསུངས་པ་རེད།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཉིང་ཁྲི་ཡན་ལག་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་སྨན་གླིང་ཆུ་མཛོད་ཆུ་རགས་གནས་ཡུལ་དུ་ཕེབས་པ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཆུ་གློག་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་སྦྲགས། འཐབ་ས་དང་པོའི་བཟོ་བར་འཚམས་འདྲི་གནང་བ་རེད། དེའི་རྗེས། སྐུ་ཚབ་ཚོགས་པ་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོར་ཕེབས་ནས་གྲོང་གསེབ་དར་རྒྱས་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ། གྲོང་མི་ཚེ་རིང་ནོར་བུའི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་ཞུས་པ་རེད། ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་ཐོན་སྒོར་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ཞབས་ཞུའི་ཕྱོགས་བསྡུས་སྐར་ཁུང་བསྒྱུར་བཅོས་བྱེད་སྟངས་དང་ཉམས་མྱོང་ལ་མཁྱེན་རྟོགས་གནང་བ། གྲོང་ཁྱེར་ཏང་སྲིད་གྲོས་ཚོགས་ལྟེ་གནས་སུ་ཉིང་ཁྲི་གྲོང་ཁྱེར་འགོ་ཁྲིད་དཔུང་ཁག་ཁོང་གི་ཁོངས་མི་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ལྷན་དུ་སྐུ་པར་བསྐྱོན་པ་རེད། ཀོང་པོ་སྤྱི་གླིང་དུ་ཕེབས་ནས་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཧུའུ་ཁྲུན་ཧྭ་ཡིས་ཉིང་ཁྲིའི་དཔལ་འབྱོར་སྤྱི་ཚོགས་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་བྱུང་འདུག་པས། མུ་མཐུད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ལག་ལེན་བསྟར་བར་ཞབས་འདེགས་ཞུ་བ་ལས་བྱུང་བའི་གོ་སྐབས་བེད་སྤྱད་དེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་དར་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཁྲིའི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་གསུངས་པ་རེད།

  ཀྲུང་གུང་དམག་ཨུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཧྲེང་མིན་གྱིས་ལྷོ་ཁའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་ཁེ་གསུམ་སྡེ་ཁུལ་དུ་ཕེབས་ནས། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ། གྲོང་མིའི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བ་རེད། དེའི་རྗེས། སྐུ་ཚབ་ཚོགས་པ་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་དང་གཞི་རིམ་དམག་དཔུང་དུ་ཕེབས་ནས། གཞི་རིམ་བརྒྱ་ཤོག་འཛུགས་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་དཔོན་དམག་ལ་འཚམས་འདྲི་ཞུས་པ་རེད། ལྷོ་ཁ་གྲོང་ཨུད་ཀྱི་སྒོ་རའི་ནང་། ལྷོ་ཁ་གྲོང་ཁྱེར་གྱི་འགོ་ཁྲིད་དཔུང་ཁག་གི་ཁོངས་མི་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ལྷན་དུ་སྐུ་པར་བསྐྱོན་པ་རེད། ཕྱི་དྲོ། སྐུ་ཚབ་ཚོགས་པ་སྡེ་ཁུལ་དང་། འདེབས་འཛུགས་རྟེན་གཞི། ཚན་རྩལ་ཀུང་སི་སོགས་ལ་ཕེབས་ནས་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མི་མེད་གནམ་གྲུས་འཕྲལ་བསྟུན་རོགས་སྐྱོབ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཀྲང་ཧྲེང་མིན་གྱིས་ལྷོ་ཁ་གྲོང་ཁྱེར་གྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐར་དར་བཅས་ཀྱི་དོན་ཆེན་བཞིར་མུ་མཐུད་དམ་འཛིན་གཏིང་ཟབ་བྱེད་པ་དང་། ཡུལ་བབ་ལ་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏང་དགོས་ཤིང་། ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

  • 顶