ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ༦༠འཁོར་བར་དགའ་སྟོན་ཞུ་བའི་སྐོར་གྱི་རྟེན་འབྲེལ་གློག་འཕྲིན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་སྲིད་གྲོས། བོད་རང་སྐྱོང་ལྗོངས་དམག་ཁུལ་བཅས་ལ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༦༠འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་དང་། བོད་ལྗོངས་སུ་བཅའ་སྡོད་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་། དྲག་ཆས་ཉེན་རྟོག་པའི་དཔུང་ཁག་གི་དཔོན་དམག་དང་སྲིད་ཁྲིམས་ཉེན་རྟོག་པ། བོད་ལྗོངས་འཛུགས་སྐྲུན་ལ་ཞུགས་པ་དང་རོགས་སྐྱོར་བྱེད་པ་དང་། བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མི་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྙིང་ཉེ་བའི་འཚམས་འདྲི་ཞུ་རྒྱུ་ཡིན།
༡༩༦༥ལོའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནི་བོད་ལྗོངས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རྡོ་རིང་གལ་ཆེན་ཞིག་ཡིན་ཞིང་། དེ་ཡིས་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དངོས་སུ་ལག་བསྟར་བྱས་ནས། བོད་ལྗོངས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་གི་སྒོ་འཕར་འབྱེད་པ་མཚོན་ཡོད། ལོ་ངོ་དྲུག་ཅུའི་རིང་ལ་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་བློ་བརྟན་འགྱུར་མེད་ཀྱིས་འབད་འབུངས་བྱས་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བདེ་བླག་ངང་ལག་བསྟར་བྱས་ཤིང་་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་ཆེན་པོ་ཐོབ་པ་དང་། ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་བ། བོད་ལྗོངས་ཀྱི་རྣམ་པ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྣམ་འགྱུར་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གཏན་འཁེལ་མཛད་ནས། བོད་ལྗོངས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེ་ནས་རྒྱུན་ཆད་མེད་པར་ངོ་མཚར་གསར་པ་གསར་སྐྲུན་བྱས་ཡོད། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་ཡོད། སྤྱི་ཚོགས་ཀྱི་གནས་བབ་ཆེན་པོ་རྒྱུན་མཐུད་བརྟན་བརླིང་ཡོང་བ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་མཐའ་མཚམས་བདེ་འཇགས་ཡོང་བ་བཅས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བ་དང་། བསྒྱུར་བཅོས་སྒོ་འབྱེད་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བ། སྐྱེ་ཁམས་བདེ་འཇགས་འགོག་སྲུང་ཉིན་རེ་བཞིན་སྲ་བརྟན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ཡོང་བ་བཅས་དང་། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། བོད་ལྗོངས་སུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད། ད་ལྟའི་བོད་ལྗོངས་དར་རྒྱས་གོང་འཕེལ་བྱུང་ནས་སྐྱེས་སྟོབས་ཀྱི་དཔལ་འབར་བ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་རོགས་རམ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་བྱེད་པའི་བགྲོད་ལམ་ཆེན་པོའི་སྟེང་དུ་མགོ་བོ་དགྱེ་ནས་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་༦༠རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ལས་སླ་མོས་ཐོབ་པ་ཞིག་གཏན་ནས་མིན་ཞིང་། ཉམས་མྱོང་ཧ་ཅང་རྩ་ཆེན་པོ་རེད། དེ་ནི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་བརྟན་པོ་མཛད་པའི་འབྲས་བུ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་སྒོས་འབད་བརྩོན་ལྷོད་མེད་མཛད་པའི་འབྲས་བུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རོགས་སྐྱོར་ཆེན་པོ་མཛད་པའི་འབྲས་བུ་བཅས་རེད། ལག་ལེན་གྱིས་བདེན་དཔང་ལེགས་པར་བྱས་ཡོད་པ་ནི། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་ཡང་མེད་པས། ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་བགྲོད་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་མཐའ་འཁྱོངས་བཅས་བྱས་ན། ད་གཟོད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་ཐུབ་པ་རེད།
མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་རིམ་ཞིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་རིམ་ཞིག་ཡིན། བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་ཟབ་མོ་འབྱུང་བ་དང་། འདུ་ཤེས་བཞི་ཇེ་དྲག་དང་། ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་བསྒྲུབ་ཐུབ་པ་བཅས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་འགྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་བརྩོན་བྱ་དགོས།
བོད་ལྗོངས་སུ་བཅའ་སྡོད་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་དཔུང་ཁག་བཅས་ནི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་། མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ། བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་གྱི་མངགས་བཅོལ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས། སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་རྒྱལ་སྲུང་མཐའ་སྲུང་བྱས་ཏེ། དམག་སྲིད་དང་དམག་དམངས། ཉེན་རྟོག་པ་དང་མི་དམངས་བཅས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་ཡུན་རིང་བརྟན་བརླིང་དང་སྤུས་མཐོའི་འཕེལ་རྒྱས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་དོན་གཉེར་འབད་བརྩོན། མཐུན་སྒྲིལ་རོགས་རེས། དཀའ་སྤྱད་མདུན་སྐྱོད་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བོད་ལྗོངས་ཀྱི་ལེའུ་བསྐྲུན་དགོས།
བོད་རང་སྐྱོང་ལྗོངས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།
བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ།
ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་ཁྲི་ལོ་བརྟན་པར་ཤོག
ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ།
༢༠༢༥ལོའི་ཟླ༨པའི་ཚེས༢༡ཉིན།
འཕྲིན་སྟེགས། weikangba