ཚེས་ཉི་ཤུ་ཉིན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན། ཁོང་གིས་བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་ལེན་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱི་འགྲོས་རྒྱུན་འཁྱོངས། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་འཐུས་ཚང་གཏོང་ཞིང་། སྤུས་མཐོའི་འཕེལ་རྒྱས་ཡང་དག་བྱེད་པ། རྒྱུན་ཆད་མེད་པར་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་གྱི་དོན་ཆེན་བཞི་དམ་འཛིན་ནན་མོ་བཅས་བྱས་ཏེ། མཐུན་སྒྲིལ་འབྱོར་ཕྱུག་དང་ཡ་རབས་འཆམ་མཐུན་གྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་ཐུབ་བྱ་དགོས་པ་བཅས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུའི་རིང་། ཏང་ཀྲུང་དབྱང་གིས་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་བརྟན་པོ་ལས། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ། དཀའ་སྤྱད་འབད་འབུངས་དང་གསར་གཏོད་ཡར་བརྩོན། མི་རིགས་ས་ཆའི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་འཐུས་ཚང་དང་། ཁ་བྲལ་ལ་ངོ་རྒོལ་འཐབ་རྩོད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཛམ་བུ་གླིང་དུ་ལ་ངོམས་ཆོག་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། གངས་ཅན་མཐོ་སྒང་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་བས། རྒྱལ་ཡོངས་ས་གནས་ཁག་དང་མཉམ་དུ་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་། ཁྱོན་ཡོངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱང་སྐྱོད་གསར་པའི་ཐོག་དུས་ལྟར་ཐོན་ཡོད་པར་གསུངས། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཏུ་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀསྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བོད་ལྗོངས་བཅོས་སྐྱོང་དང་བརྟན་བརླིང་དར་རྒྱས་ཐད་ཐོག་མར་བོད་ལྗོངས་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་རྒྱུན་འཁྱོངས་ཐུབ་དགོས།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོ་བཅས་ཇེ་དྲག་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་དྲུག་ཅུའི་རིང་གི་གཟི་འོད་ལྡན་པའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ལྔ་ཇེ་དྲག་གཏོང་བར་སྣེ་ཁྲིད་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཁྱབ་གདལ་གཏོང་བ། མི་རིགས་ཁག་གི་བར་འགྲོ་འོང་དང་སྤེལ་རེས། འབྲེལ་འདྲིས་ཇེ་དྲག་གཏོང་བ། བོད་ལྗོངས་དང་ནང་ལོགས་ས་ཁུལ་བར་དཔལ་འབྱོར་དང་རིག་གནས། མི་སྣ་བཅས་ཕྱོགས་གཉིས་སྤེལ་རེས་བྱེད་དགོས། མ་ལག་ཚང་བས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་ལུགས་ཅན་དུ་བསྒྱུར་བའི་བླང་བྱ་ལྟར། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པར་སྣེ་ཁྲིད་དགོས། ཏང་འཛུགས་ཀྱི་སྣེ་ཁྲིད་ཇེ་དྲག་གཏོང་ཞིང་། སྤྱི་ཚོགས་ཀྱི་ལས་ཀའི་ལམ་ལུགས་ནང་རྐྱེན་འཐུས་ཚང་གཏོང་བ། མང་ཚོགས་ལ་ཞབས་ཞུ་ཡག་པོ་སྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་གཏོང་དགོས་ཞེས་ནན་གྱིས་གསུངས། ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རང་སྟེང་གི་ཁྱད་ཆོས་ཡོད་པས། དོན་དངོས་ནས་འགོ་ཚུགས་ཏེ་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས། ས་བབ་དང་བསྟུན་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཡག་པོ་ དང་། ཁྱད་པར་དུ་ཁྱད་ལྡན་ཞིང་ལས་འབྲོག་ལས་དང་འབག་མེད་ནུས་ཁུངས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ལས་སྣོན་ལས་རིགས་མུ་མཐུད་དེ་འཕེལ་རྒྱས་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། རིག་གནས་ཡུལ་སྐོར་ཟུང་འབྲེལ་ཡག་པོ་བྱེད་དགོས།
གོ་རིམ་ལྡན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ཡར་ཀླུང་གཙང་བོའི་སྨད་རྒྱུད་ཀྱི་ཆུ་གློག་བཟོ་སྐྲུན་དང་། ཁྲོན་བོད་ལྕགས་ལམ་སོགས་ལས་གཞི་གལ་ཆེན་འཛུགས་སྐྱོང་ནུས་ལྡན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་དྲག་དང་། ཐཱན་ཉུང་དང་འབག་ཉུང་། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་བྱས་ནས། འཛམ་གླིང་ཡང་རྩེ་དང་ཡ་གླིང་གི་ཆུ་མཛོད་སྲུང་སྐྱོང་ཡག་པོ་བྱེད་དགོས། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་།གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ཇེ་བརྟན་དང་རྒྱ་སྐྱེད་གཏོང་བ། ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ་དང་བྱིས་བཅོལ་སོགས་དམངས་འཚོའི་ལས་གཞི་ཡག་པོ་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་ལེགས་སུ་གཏོང་དགོས་ལ། ཏིང་རི་རྫོང་གི་གནོད་རྗེས་བསྐྱར་བསྐྲུན་ལས་ཀ་མུ་མཐུད་དེ་ཡག་པོ་སྒྲུབ་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་ཡག་པོ་སྒྲུབ་དགོས་ན།ངེས་པར་དུ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་།ཏང་གི་འཛུགས་སྐྱོང་ཇེ་དྲག་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས་བསམ་པ་དང་བླ་སྲོག་གཅིག་བསྡུས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་དགོས། བོད་ལྗོངས་ལས་བྱེད་རྒན་པའི་སྙིང་སྟོབས་དང་ལམ་གཉིས་སྙིང་སྟོབས་དར་སྤེལ་ཆེན་མོ་གཏོང་དགོས། དོ་དམ་ནན་མོ་དང་གཅེས་སེམས་གཅིག་གྱུར་དང་། སྐུལ་སློང་དང་ཚོད་འཛིན་མཉམ་ལྡན་མཐའ་འཁྱོངས་བྱེད་དེ། རྒྱ་ཆེ་བའི་ཏང་ཡོན་དང་། ལས་བྱེད་དང་རིགས་སོ་སོའི་ཤེས་ཡོན་ཅནདཀའ་སྤྱད་མདུན་སྐྱོད་དང་འགན་འཁུར་ནུས་པ་ཐོན་པར་སྣེ་ཁྲིད་པ་དང་དུས་མཚུངས་སུ། སེམས་ཁུར་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས། སེམས་ཁྲལ་དཀའ་ངལ་སེལ་རོགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་བཀོད་སྤྱོད་ལེགས་པོ་བྱེད་དེ། ཀུན་སྤྱོད་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ནང་རྐྱེན་འཐུས་སྒོ་ཇེ་ཚང་བཏང་དགོས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ། སྤྱོད་བཟང་སྒྲིག་གཙང་དང་རུལ་སུངས་རྒོལ་བ་བཅས་ཕན་ཚུན་འབྲེལ་བར་རྒྱུན་འཁྱོངས་ཏེ། རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་བྱེད་པ། རུལ་སུངས་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱས་ནས། སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་སྐྲུན་པར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་ཀའི་སྙན་ཞུ་མཛད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིང་ཧའེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཀརྨ་ཚེ་བརྟན་སྙན་ཞུ་ཚོགས་འདུའི་ནང་ཞུགས་པ་རེད། ཝང་ཧུའུ་ཉིང་དང་ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥོང་། ཀྲང་གོ་ཆིང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུང་ཧྭ་དང་ཀྲང་ཧྲེང་རྨིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་དང་། བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བློ་མཐུན་སོགས་སྙན་ཞུའི་ཚོགས་འདུར་ཞུགས་པ་རེད།
འཕྲིན་སྟེགས། weikangba