
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་འབྲེལ་ས་ཁུལ་བཅོས་སྐྱོང་ཐབས་ཇུས་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་དོན་དུ་ཁེལ་ལ་ཁྱོན་ཡོངས་ནས་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་ཟུང་འདྲེས་བྱས་ནས། སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ཞེས་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་བཅོལ་ལྟར། མཐོ་སྒང་གི་བུ་དང་བུ་མོ་ཚོས་སེམས་ཤུགས་ཆེན་པོས་གངས་ཅན་མཐོ་སྒང་གི་ཡུན་རིང་བདེ་འགོད་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་སྐྲུན་བཞིན་ཡོད།
འདས་མ་ཐག་པའི་༢༠༢༥ལོའི་ལོ་སྟོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལེགས་པོ་བྱུང་སྟེ་། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་གསུམ་བརྒྱ་གྱ་གཉིས་དང་བྱེ་བ་བདུན་ས་ཡ་གཉིས་ལ་ཟིན་པས། སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་བདུན་ཚེག་གཉིས་འཕར་ཡོད་པ་དང་། འཕར་ཚད་བསྟུད་མར་དུས་ཚིགས་མང་པོར་རྒྱལ་ཡོངས་ཀྱི་མདུན་གྲས་སུ་གནས་ཡོད། དམངས་འཚོ་མུ་མཐུད་ནས་ཇེ་ལེགས་འགྲོ་བཞིན་ཡོད་པས། དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་རུང་བའི་ཡོང་འབབ་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་བདུན་ཚེག་དྲུག་འཕར་ཡོད། འཕེལ་རྒྱས་སྒུལ་ནུས་མུ་མཐུད་ནས་འདུས་འཛོམས་བྱུང་ཞིང་། འབག་མེད་གཏེར་ཁ། གཙང་སེལ་ནུས་ཁུངས་སོགས་དགེ་མཚན་ལྡན་པའི་ཐོན་ལས་འཆར་འགོད་མགྱོགས་པོར་བྱེད་ཅིང་ཡོད། ཟླ་བ་དང་པོ་ནས་ཟླ་བ་དྲུག་པའི་བར། མི་ཐེངས་བྱེ་བ་གསུམ་ས་ཡ་གཉིས་འབུམ་གཅིག་ཁྲི་བརྒྱད་བོད་ལྗོངས་ལ་འབྱོར་བས། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་སུམ་བརྒྱ་བཅོ་ལྔ་ལས་བརྒལ། དུས་རབས་གསར་པའི་བོད་ལྗོངས་ཀྱིས་སྒོ་འབྱེད་ཀྱི་རྣམ་པས་འཛམ་གླིང་ལ་འབྲེལ་འདྲེས་བྱེད་བཞིན་ཡོད།
ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་བྱེད་ཕྱོགས་ལག་ལེན་བསྟར་བ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་བཏང་ནས། ཕྱོགས་ཡོངས་ནས་མཐོ་སྒང་མགྱོགས་མྱུར་དུ་འཕེལ་རྒྱས་གཏོང་བ་རེད། ལྷོ་ཁ་གྲོང་ཁྱེར་གྱི་འཛམ་གླིང་མཚོ་འཕགས་མཐོ་ཤོས་ཀྱི་མཚོ་སྨད་རླུང་གློག་ར་བས། རླུང་གློག་འཕྲུལ་འཁོར་ཐོག་མ་སྒྲིག་སྦྱོར་བྱས་ཚར་མ་ཐག་རེད། ལེགས་འགྲུབ་བྱུང་རྗེས་དུད་ཁ་འབུམ་གཅིག་ཁྲི་གཉིས་ལ་གློག་འདང་ངེས་སྤྱོད་ཐུབ། འཛམ་གླིང་ཡང་རྩེ་རུ་ཆགས་པའི་མངའ་རིས་ས་ཁུལ་དུ། ཐར་ཆེན་རྒྱལ་སྤྱིའི་གྲོང་རྡལ་ཆུང་ཆུང་གི་འཛུགས་སྐྲུན་དུས་རིམ་གཉིས་པ་ལེགས་གྲུབ་བྱུང་ཡོད་ལ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་རྩྭ་ཐང་གི་འབྲོག་པར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཡོད། གཞིས་ཁ་རྩེ་རུ་མུའུ་དྲུག་སྟོང་ཡོད་པའི་ནས་ནག་འདེབས་འཛུགས་རྟེན་གཞི་རུ་ལོ་ཏོག་སྨིན་ཡོད། ཚན་རིག་ལག་རྩལ་ལ་བརྟེན་ནས་ནས་ནག་ནི་མཐོ་སྒང་གི་བཟའ་འབྲུ་ནས་མི་དམངས་ཕྱུག་འགྱུར་ཐོན་ལས་སུ་གྱུར་ཡོད། སྤུས་ཀ་མཐོ་བ་དང་འཚོ་བཅུད་འཛོམས་པའི་ནས་ནག་ནི་ཧྲང་ཧའེ་སོགས་ས་ཁུལ་དུ་སྐྱེལ་འདྲེན་བྱས་ནས། སོབ་གོར་ཚོང་ཁང་དུ་མི་ཚང་མས་དགའ་བསུ་ཐོབ་པའི་ནས་ནག་སོབ་གོར་དུ་གྱུར་ཡོད།
བོད་ལྗོངས་གཞིས་ཁ་རྩེ་ཡི་ནས་ནག་ཞིང་ལས་ལག་རྩལ་པ་ཕུར་བུ་རྡོ་རྗེ་ཡིས། ལོ་རྟག་པར་ང་ཚོས་ནས་ནག་འདེབས་པར་གསབ་དངུལ་སྣ་ཚོགས་ཡོད་ལ། མི་སེར་ཚོ་བློ་སེམས་བདེ་མོས་འཚོ་བ་རོལ་ཆོག་པས། ང་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་འདི་ཡིད་ལ་བཟུང་སྟེ། བཟའ་འབྲུ་ས་ཞིང་ལས་བྱུང་ཞིང་ལག་རྩལ་ལ་བརྟེན་དགོས་པས། ཕྱུག་པོར་ཡོང་དགོས་ན་ནས་ནག་འདེབས་འཛུགས་ཡག་པོ་བྱེད་དགོས་པ་རེད་ཟེར།
རྒྱུན་ཆད་མེད་པར་རྨང་གཞིའི་སྒྲིག་ཆས་འཐུས་ཚང་བཏང་ནས་ཉིན་རེ་བཞིན་འཕེལ་རྒྱས་གཞི་རྩ་ཇེ་བརྟན་གཏོང་བཞིན་ཡོད། ༢༠༢༤ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་གཞུང་ལམ་ཤར་གཏོང་སྤྱིའི་ལམ་ཐག་དང་། ལྕགས་ལམ་སྐྱེལ་འདྲེན་ལམ་ཐིག་སོ་སོར་སྤྱི་ལེ་ཆིག་འབུམ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་དང་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ང་དགུ་ལ་ཟིན། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་བརྒྱ་དང་གྱ་གསུམ་གྱིས་བོད་ལྗོངས་དང་འཛམ་གླིང་གཅིག་ཏུ་སྦྲེལ་ཡོད།
བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགོ་འཛིན་གཞོན་པ་བསྟན་པ་དབང་རྒྱལ་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་ཟབ་མོ་དང་མཛུབ་སྟོན་གལ་ཆེན་གྱིས། ང་ཚོས་བོད་ལྗོངས་ཀྱི་འགྲིམ་འགྲུལ་ལམ་ཐིག་ཡག་པོ་བཏོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་དང་གཞི་རྩའི་རྒྱབ་རྟེན་དུ་གྱུར་ཡོད། མི་གང་འགྲོ་བདེ་མོ་དང་དངོས་ཟོག་སྐྱེལ་འདྲེན་ཐོགས་མེད་ཡོང་བའི་རེ་བ་དེ་གངས་ཅན་མཐོ་སྒང་དུ་མགྱོགས་པོར་འགྲུབ་བཞིན་ཡོད།
དུས་རབས་གསར་པར་ཧུར་གྱིས་སྐྱོད། གངས་ཅན་བུ་དང་བུ་མོས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་གཅིག་རྗེས་གཉིས་མཐུད་དུ་གྲུབ་དང་འགྲུབ་བཞིན་ཡོད། ༢༠༢༤ལོར། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་སྤྱོད་ཆོག་ཡོང་འབབ་རིམ་བཞིན་སྒོར་ཁྲི་ལྔ་སྟོང་ལྔ་བཞི་བརྒྱ་ཞེ་བཞི་དང་སྒོར་ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་དོན་བརྒྱད་རག་ཡོད། དེ་ནི་༡༩༦༥ལོའི་ལྡབ་བརྒྱ་དང་ཉེར་གཅིག་དང་ལྡབ་བརྒྱ་དང་གོ་དགུ་རེད། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྒོར་དུང་ཕྱུར་སྟོང་ཅན་གྱི་ཐོན་སྐྱེད་རིན་ཐང་དང་པོ་བསྐྲུན་པར་ལོ་ལྔ་བཅུ་སྤྱད་ཡོད་ལ།་རེད་དེ་སྒོར་དུང་ཕྱུར་སྟོང་ཡར་ཐོན་སྐྱེད་རིན་ཐང་གཉིས་པར་བསྐྲུན་པར་ལོ་དྲུག་ལས་སྤྱད་མེད། ད་ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སུམ་སྟོང་ལས་བརྒལ་ནས། སྒོར་དུང་ཕྱུར་སྟོང་ཅན་གསུམ་པའི་དམིགས་འབེན་འགྲུབ་རྒྱུ་རེད།
འཕྲིན་སྟེགས། weikangba