འཇར་མན་གྱི་གསར་འགྱུར་བརྙན་འཕྲིན་འཕྲིན་ལམ་དྲ་ཚིགས་ཐོག ཟླ་བརྒྱད་པའི་ཚེས་བཅུ་ཉིན་གསར་འགྱུར་སྤེལ་བ་ལྟར་ན། ཨུ་རུ་སུས་ཞིན་ཏི་གླིང་ཕྲན་གྱི་ཚོད་ལྟ་ར་བ་ནས་ཉིང་རྡུལ་སྒུལ་ཤུགས་ཀྱི་སྐོར་སྐྱོད་འཕུར་མདེལ་ཧའེ་ཡན་ཞེས་པ་སླར་ཡང་ཚོད་ལྟའི་འཕེན་གཏོང་བྱེད་ལ་ཉེ་ཟེར། ནོར་ཝེའི《པ་ལུན་ཀྲི་ལྟ་ཞིབ་པའི་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་འདི་སྤེལ་བ་རེད། ཞིན་ཏི་གླིང་ཕྲན་ནི་པ་ལུན་ཀྲི་རྒྱ་མཚོ་དང་ཁ་ལ་རྒྱ་མཚོའི་བར་དུ་གནས་པ་དང་། ནོར་ཝེ་དང་བར་ཐག་སྤྱི་ལེ་དགུ་བརྒྱ་ཙམ་ཡོད།

གསར་འགྱུར་ལྟར་ན། རིང་ཚད་སྤྱི་ལེ་༥༠༠ཡོད་པའི་ཞིན་ཏི་གླིང་ཕྲན་གྱི་ནུབ་ངོགས་མཁའ་ཁོངས་གནམ་གྲུ་འཕུར་མཚམས་བཞག་ཡོད། འདས་པའི་གཟའ་འཁོར་ཁ་ཤས་ནང་ཨུ་རུ་སུའི་གྲུ་གཟིངས་ཁ་ཤས་ཀྱིས་སྒྲིག་ཆས་ས་ཁུལ་དེར་སྐྱེལ་འདྲེན་བྱས་པ་མ་ཟད། ལྟ་ཞིབ་བྱ་ཡུལ་དུ་བཞག་ཡོད་པ་རེད། གཞན་ཡང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྡུལ་ཕྲན་ནུས་ཁུངས་ཧྲུའུ་ཡི་གནམ་གྲུ་གཉིས་མིག་སྔར་གླིང་ཕྲན་དེའི་ལྷོ་ནུབ་རྒྱུད་ཀྱི་ལུའོ་ཅ་ཆའོ་ཝོའི་མཁའ་དམག་རྟེན་གཞིར་བསྡད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གྲུ་དེ་རིགས་ཀྱིས་སྔོན་ཆད་དེ་དང་འདྲ་བའི་ཚོད་ལྟའི་ལས་འགན་སྒྲུབ་མྱོང་ཡོད་པ་རེད།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་༢༠༡༨ལོར་ཧའེ་ཡན་འཕུར་མདེལ་ཡོངས་བསྒྲགས་ངང་ཐེངས་དང་པོ་གླེང་། སྐབས་དེར་ཁོས་བཤད་རྒྱུར། ནུབ་ཕྱོགས་ལ་མཚོན་ཆ་དེ་རིགས་འགོག་སྲུང་བྱེད་པའི་ཐབས་ཤེས་མེད། དེས་ཁ་ཕྱོགས་སོ་སོ་ནས་དམའ་བའི་བར་སྣང་ནས་དམིགས་འབེན་ཕྱོགས་སུ་འཕུར་ཐུབ་པས། མཁའ་ཟོན་མ་ལག་ལས་གཡོལ་ཐུབ་ཟེར། གོ་ཐོས་ལྟར་ན། སྐོར་སྐྱོད་འཕུར་མདེལ་དེ་རིགས་ཀྱི་རིང་ཚད་ལ་སྨི་བཅུ་ཙམ་དང་ལྗིད་ཚད་ཏུན་དྲུག་ཟིན་པས། ཉིང་རྡུལ་མདེལ་མགོ་ཁྱེར་ཆོག་པ་མ་ཟད། རླངས་གྲང་ཉིང་རྡུལ་འགྱུར་འབྱུང་ཕུང་པོ་ཆུང་གྲས་ཤིག་གིས་སྐུལ་སྒུལ་བྱེད་སྲིད། རིགས་གཅིག་མཁས་ཅན་གྱིས་དེས་དེའི་འཕེན་ཐག་སྤྱི་ལེ་ཁྲི་གཉིས་སྟོང་ལྔ་ལས་བརྒལ་ཐུབ་པ་དང་། འཕུར་མདེལ་དེ་རིགས་འཕུར་སྐྱོད་བྱེད་པའི་བརྒྱུད་རིམ་ནང་འགྱེད་འཕྲོ་རང་བཞིན་གྱི་མཇུག་ཤུལ་འཇོག་སྲིད་ཅེས་བཤད་པ་རེད། ཚོད་དཔག་བྱས་པ་ལྟར་ན། ཧའེ་ཡན་འཕུར་མདེལ་དེ་༢༠༡༧ལོ་ནས་བཟུང་ཞིན་ཏི་གླིང་ཕྲན་དུ་ཚོད་ལྟ་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་བར་གྲུབ་འབྲས་དེ་ཙམ་ཐོབ་མེད་པ་མངོན་གསལ་རེད།
༢༠༡༩ལོར་ཚོད་ལྟའི་འཕེན་གཏོང་ཐེངས་གཅིག་ལ་འབར་གས་བྱུང་ནས། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྡུལ་ཕྲན་ནུས་ཁུངས་ཧྲུའུ་ཡི་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་རེད། ཨ་རིའི་གསར་འགྱུར་མི་སྣས་ཐེངས་དེར་ད་དུང་འགྱེད་འཕྲོ་རང་བཞིན་གྱི་དངོས་པོ་ཕྱིར་གཏོང་བྱས་ཡོད་ཅེས་བཤད་པ་རེད། ནོར་ཝེའི་གསང་འཕྲིན་སྒྲིག་གཞིས་ལོ་མང་རིང་ཚོད་ལྟ་དེ་རིགས་ལ་དོན་རྐྱེན་ཐོན་པ་དང་འབྲེལ། འགྱེད་འཕྲོ་རང་བཞིན་གྱི་དངོས་པོ་ཕྱིར་གཏོང་བྱེད་པའི་ཉེན་ཁ་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད། ཨ་རིའི་གསང་འཕྲིན་སྡེ་ཚན་གྱིས། ཧའེ་ཡན་འཕུར་མདེལ་ད་ལྟའི་བར་ཆེས་རིང་ན་སྐར་མ་གཉིས་ལས་འཕུར་ཐུབ་མེད་པ་མ་ཟད། ཚོད་ལྟའི་འཕེན་གཏོང་གི་རྣམ་པ་ཚང་མའི་འཕུར་སྐྱོད་བར་ཐག་སྤྱི་ལེ་སོ་ལྔ་ལས་བརྒལ་མེད་ཅེས་བཤད།
གནས་ཚུལ་སྤེལ་བར་གཞིགས་ན། གལ་སྲིད་ད་ཐེངས་ཀྱི་ཧའེ་ཡན་འཕུར་མདེལ་རྗེས་མའི་ཉིན་འགའི་ནང་ཚོད་ལྟ་བྱས་ཚེ། ཏག་ཏག་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཕུའུ་ཅིང་གཉིས་ཨ་ལ་སི་ཅ་རུ་ཐུག་འཕྲད་བྱེད་པའི་སྔོན་ཡིན་པ་དང་། དེ་གཉིས་ཀྱིས་དེ་གར་ཡུག་རེན་གྱི་དམག་འཁྲུག་ཇི་ལྟར་མཇུག་སྒྲིལ་བར་གྲོས་བསྡུར་བྱེད་རྩིས་ཡོད། མོ་སི་ཁོས་དབུ་ཚོགས་ཀྱི་སྔོན་ལ་ཚོད་ལྟ་བྱས་ནས་སྟོབས་ཤུགས་སྟོན་འདོད་ཡོད་མེད་ད་དུང་གསལ་པོ་ཤེས་ཀྱི་མེད་པ་རེད།
འཕྲིན་སྟེགས། weikangba