དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།

2025-08-13
490

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ནང་གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གྲོང་གསེབ་ཡུལ་སྐོར་དར་རྒྱས་ཡག་པོ་གཏོང་དགོས་ཞེས་གསུངས། ད་ལོ་ནས་བཟུང་། རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་ཚོང་ར་རྒྱུན་མཐུད་དར་རྒྱས་འགྲོ་བཞིན་ཡོད་། ས་གནས་སོ་སོས་ས་བབ་དང་བསྟུན་ཞིང་གནས་བབ་དང་བསྟུན་ནས། ཞིང་ལས་རིག་གནས་ཡུལ་སྐོར་ཟུང་འབྲེལ་ཟབ་མོ་གཏོང་ཞིང་། ཐོན་རྫས་གསར་པ་སྔར་ལས་མང་པོ་དང་ཞབས་ཞུ་ཡག་པོ་ལ་བརྟེན་ནས་ཡུལ་སྐོར་བ་གྲོང་གསེབ་ནང་འགྲོ་སྡོད་དང་རྩེད་པར་བཀུག་ནས། གྲོང་གསེབ་ཡུལ་སྐོར་ལས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་གཏོང་བ་རེད།

  མིག་སྔར། ཀུའེ་ཀྲོའུ་ལིང་ཕིང་རྫོང་ཀྲའོ་ཞིན་ཐུང་རིགས་གྲོང་སྡེའི་གླུ་དབྱངས་འགྲན་བསྡུར་སྤེལ་བཞིན་ཡོད། ཐུང་རིགས་གླུ་གཞས་དང་པི་ཝང་རོལ་དབྱངས་སོགས་ཁྱད་ཆོས་ལྡན་པའི་གླུ་དབྱངས་རེས་བསྐོར་ནས་འཁྲབ་སྟོན་བྱས་ཏེ། ཡུལ་སྐོར་བ་ལ་མི་རིགས་རིག་གནས་ཀྱི་དགྱེས་འཛོམས་གྱ་ནོམ་པ་ཞིག་བཤམས་པ་རེད། ད་ལོའི་ཟླ་བ་གསུམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲའོ་ཞིན་ཐུང་རིགས་གྲོང་སྡེ་རུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་གྲོང་སྡེའི་ལམ་བུ་བརྒྱུད་ནས་ཐུང་རིགས་གྲོང་སྡེ་ཕྱིའི་རྣམ་པ་དང་ཡུལ་སྐོར་ཚོང་ཁང་ལ་གཟིགས་ཞིབ་གནང་། མཚམས་མཚམས་སུ་ཚོང་བདག་དང་ཡུལ་སྐོར་བ། མི་སེར་རྣམས་དང་སྤེལ་རེས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས། ད་ལྟའི་ཡུལ་སྐོར་ནི་ཐོན་ལས་ཆེན་པོ་ཞིག་ཡིན་ལ། གྲོང་གསེབ་ཡུལ་སྐོར་ཚ་ཚ་འུར་འུར་སྤེལ་བཞིན་ཡོད། མི་རིགས་ས་ཁུལ་གྱིས་རང་ཉིད་ཀྱི་ཁྱད་ལྡན་རིགས་གནས་གསོག་ཉར་བྱས་ནས། ཡུལ་སྐོར་ཁྲོད་དེའི་མཚར་སྡུག་མངོན་དགོས་ཞེས་གསུངས།

  ད་ལོའི་དབྱར་ཁར། ཀྲའོ་ཞིན་ཐུང་རིགས་གྲོང་སྡེ་ཡིས་གཟུགས་མེད་རིག་གནས་ཤུལ་བཞག་དང་སློབ་ཞིབ་ལས་གཞི་སུམ་ཅུ་ལྷག་བཏོན་ཡོད་པས། བཟའ་བཏུང་དང་དམངས་སྲོལ་མགྲོན་ཁང་། ཁྱད་ལྡན་ཐོན་རྫས་འཛད་སྤྱོད་སོགས་ལ་ཕན་ཐོགས་ཆེན་པོ་ཐོབ་བཞིན་ཡོད།ཞིང་ཁ་ཡངས་པོའི་མཚམས་སུ་ཡུལ་སྐོར་བས་པར་ལེན་པ་དང་ཚིག་ཇ་ཁང་སོགས་ལས་རྣམ་གསར་པ་ཁག་དུ་མ་དར་བཞིན་ཡོད།  རང་རྒྱལ་ནི་ཞིང་ལས་དར་བའི་རྒྱལ་ཁབ་ཡིན་པས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་གསེབ་ཏུ་ཕེབས་ནས་རྟོག་ཞིབ་གནང་ཞིང་། ཡུལ་མི་རྣམས་དང་མཉམ་དུ་འཕེལ་རྒྱས་འཆར་འགོད་དང་དར་རྒྱས་སྐོར་གླེང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས་ན་ཡུལ་བབ་དང་སྤེལ་འགྲོས་དང་བསྟུན་དགོས་ཞེས་ནན་གྱིས་བསྟན་གང་མང་གནང་ཡོད། ཁོང་གིས་ས་གནས་ཁག་གིས་གསར་བརྗེའི་རིག་གནས་ཐོན་ཁུངས་དང་འབག་མེད་སྐྱེ་ཁམས་ཐོན་ཁུངས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སོགས་ཐུན་མོང་མ་ཡིན་པའི་དགེ་མཚན་ལ་བརྟེན་ནས། གྲོང་གསེབ་ཡུལ་སྐོར་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་པའི་སྐུལ་མ་གནང་བ་རེད།

  ད་ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་རྟགས་དང་པོ་ལས་བླང་བྱ་གསལ་པོ་བསྟན་ཡོད་དེ། གྲོང་གསེབ་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས། གྲོང་གསེབ་ཡུལ་སྐོར་ཁྱད་ཆོས་ཅན་དང་སྤུས་ལེགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་བཀོད། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལས་བསྡོམས་པས་མི་ཐེངས་དུང་ཕྱུར་བདུན་དང་ས་ཡ་བདུན་སྣེ་ལེན་ཞིང་། སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་བཞི་སྟོང་ཆིག་བརྒྱ་ཉི་ཤུར་ཟིན། དེའི་རྗེས་ལྔ་གཅིག་དང་ལྔ་ལྔའི་དུས་ཚིགས་སྐབས་སུ་གྲོང་གསེབ་ཡུལ་སྐོར་སྔར་བཞིན་འཚང་ཁ་ཆེ་བས། གུང་གསེང་གི་འཛད་སྤྱོད་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། ས་གནས་ཁག་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། གྲོང་གསེབ་ཡུལ་སྐོར་གྱི་ཐབས་ལམ་གསར་གཏོད་དང་ཐོན་རྫས་རིམ་སྤར། ཞབས་ཞུ་བཅས་ཇེ་ལེགས་བཏང་ཡོད།

དགེ་མཚན་ལྡན་པའི་ཐོན་ལས་འབྲེལ་མཐུད་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་། ཆི་ཐེ་རྫོང་ནི་ཞིན་ཅང་གི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྟེན་གཞི་ཞིག་ཡིན་ལ། ཟླ་བ་བརྒྱད་པར་སླེབས་དུས་ས་གནས་དེ་གའི་མུའུ་ཁྲི་ལྡན་གྱི་གྲོ་ཞིང་ལ་རིམ་བཞིན་སྨིན་ཡོད་ལ། གསེར་མདོག་གི་སྙེ་མ་དང་རི་ཀླུང་མཛེས་ལྗོངས་མངོན་པར་བརྒྱན་པས། ཡུལ་སྐོར་བ་མང་པོ་ཞིག་གནས་འདིར་སྤྲོ་འཆམ་པར་བླངས་པ་རེད། ས་གནས་དེ་གས་ཀ་རིམ་པའི་ཡུལ་སྐོར་མཛེས་ཁུལ་དང་ཞིང་ལས་ལྗོངས་གཟིགས་དཔེ་སྟོན་ས་ཚིགས་སོགས་འབྲེལ་མཐུད་བྱས་ནས། གྲོང་ཚོ་རེར་ཁྱད་ཆོས་རེ་ཡོད་པའི་འཕེལ་རྒྱས་ཀྱི་བཀོད་པ་གྲུབ་ཡོད།

  སྣ་མང་རིན་ཐང་སྔོག་འདོན་བྱས་ནས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བཞིན་ཡོད། ཧུའུ་པེ་ལི་ཁྲོན་ནི་ཝུའུ་ལིན་རི་ཁུལ་དུ་ཆགས་ཡོད་ལ། དབྱར་དུས་ཀྱི་ཆ་སྙོམས་དྲོ་ཚད་ཧྲེ་ཧྲི་ཏུའུ་ཉེར་གསུམ་ཡས་མས་ཡིན་པས། ས་གནས་དེ་གས་གྲོང་གསེབ་ཚ་གཡོལ་དང་གྲོང་གསེབ་ཁམས་གསོ་སྤྲོ་གསེང་གི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཇ་ལས་དང་ཡུལ་སྐོར་ཟུང་འབྲེལ་དང་། སྨན་རྫས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་ཀྱི་མ་ལག་འཛུགས་སྐྱོང་བྱས་དང་བྱེད་ཀྱིན་ཡོད། ད་ལོ་ནས་བཟུང་ལི་ཁྲོན་གྱི་གྲོང་གསེབ་ཡུལ་སྐོར་ལས་ཡུལ་སྐོར་བ་མི་ཐེངས་ས་ཡ་ལྔ་དང་འབུམ་བཞི་སྣེ་ལེན་བྱས་ཤིང་། མི་འབུམ་གཅིག་ལྷག་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད།

  རང་བྱུང་མཛེས་ལྗོངས་ནས་ཞིང་སྡེའི་འཚོ་བ་དང་། ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་ནས་བདེ་ཐང་སྤྲོ་གསེང་བཅས་ལ། ད་ལྟའི་གྲོང་གསེབ་ཡུལ་སྐོར་ཐོན་རྫས་སྔར་བས་ཕུན་སུམ་ཇེ་ཚོགས་འགྲོ་བཞིན་ཡོད། གྲོང་ཚོའི་དགོང་ཚོགས་དང་གྲོང་ཚོའི་སྤོ་ལོ་འགྲན་བསྡུར། གྲོང་ཚོའི་རོལ་རྩེད། གྲོང་ཚོའི་ཚིག་ཇ་ཁང་སོགས། གྲོང་ཚོའི་ཟོང་རྟགས་ཇེ་མང་ནས་ཇེ་མང་ཕྱིན་པས། གྲོང་གསེབ་ཡུལ་སྐོར་ནི་ཞིང་པའི་ཡོང་འབབ་ཇེ་མང་དང་ཕྱུག་འགྱུར་གྱི་ལྡེའུ་མིག་ལྟ་བུར་གྱུར་ཡོད།

  ཉིས་སྟོང་ཉེར་བཞི་ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁྲི་གསུམ་ལྷག་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་འབུམ་ལྔ་ལྷག་ལ་ཨར་འདམ་ལམ་ལས་ཡོད། ཞིང་སྡེའི་རང་འབབ་ཆུའི་ཁེབས་ཚད་བརྒྱ་ཆའི་གོ་བཞི་ལ་ཟིན་པ་དང་། འཕྲོད་བསྟེན་གཙང་སྤྱོད་ཁང་ཁེབས་ཚད་བརྒྱ་ཆའི་དོན་ལྔ་ཡས་མས་ལ་ཟིན་ཡོད། ཨང་ཀིའི་རྨང་གཞིའི་འཛུགས་སྐྲུན་གསར་པ་མགྱོགས་པོར་གྲོང་ཚོ་རུ་བཀོད་སྒྲིག་བྱེད་བཞིན་ཡོད་ལ། འབྲེལ་དྲྭ་དང་འགུལ་སྐྱོད་དངུལ་སྤྲོད་སོགས་ལག་རྩལ་སྤྱི་ཁྱབ་དུ་བཀོལ་བཞིན་ཡོད་པས། གྲོང་གསེབ་ཡུལ་སྐོར་གྱི་བག་ཕེབས་ཚད་དང་སྟབས་བདེ་སྔར་བས་ཇེ་ཆེར་སོང་ཡོད། མིག་སྔར། རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གྲོང་ཚོ་གཙོ་བོ་དང་གྲོང་རྡལ་གལ་ཆེན་གྱི་གྲངས་ཀ་སོ་སོར་ཆིག་སྟོང་སུམ་བརྒྱ་གོ་དགུ་དང་། བརྒྱ་དང་གོ་བརྒྱད་ལ་ཟིན་པས། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་གཏོང་བར་གསོན་ཤུགས་གསར་པ་བསྣན་ཡོད།


  • 顶