ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཞལ་པར་བསྐྱོན་པ་རེད། ཕུའུ་ཅིན་གྱིས་ཨུ་རུ་སུའི་ཡུག་རེན་ཉམས་ཉེན་གྱི་མིག་སྔའི་གནས་བབ་ཐད་ཀྱི་ལྟ་ཚུལ་དང་ཨུ་རུ་སུ་དང་ཨ་རིས་ཉེ་ཆར་ཁ་བརྡ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཨུ་རུ་སུ་ཡིས་ཀྲུང་གོའི་ཆབ་སྲིད་ཀྱི་ལམ་ནས་ཉམས་ཉེན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་བསྟོད་བསྔགས་གནང་བ་རེད། ཨུ་རུ་སུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་གནས་བབ་ཅི་འདྲའི་འོག་ཏུ་ཡང་འགྱུར་བ་མེད་ལ། ཨུ་རུ་སུས་མུ་མཐུད་དུ་ཀྲུང་གོ་དང་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་གསུངས་པ་དང་། རྙོག་འཛིང་གི་གནད་དོན་ལ་སྟབས་བདེའི་ཐག་གཅོད་བྱེད་ཐབས་མེད། གནས་བབ་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས། གྲོས་མོལ་དང་འཆམ་པོ་ཡོང་བར་སྐུལ་རྒྱུ་རྒྱུན་འཁྱོངས་བྱེད་པ་ཡིན། ཀྲུང་གོས་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པར་དགའ་ཡོད་ལ། ཕན་ཚུན་གྱི་འབྲེལ་བ་ལེགས་སུ་བཏང་ནས། ཡུག་རེན་ཉམས་ཉེན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སུའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་དང་འཐབ་ཇུས་མཐུན་སྦྱོར་ལ་དགེ་མཚན་ལྡན་པའི་གདེང་འཇོག་གནང་ཞིང་། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་ལྷག་པའི་འཕེལ་རྒྱས་གཏོང་བར་མོས་མཐུན་བྱུང་ཡོད། ཕྱོགས་གཉིས་ཀྱིས་གཅིག་སྒྲིལ་མཉམ་ལས་ལ་བརྟེན་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་འཛོམས་གྲོས་ཚོགས་སྒྲིག་འཛུགས་བྱས་ཏེ། མཛའ་མཐུན་དང་མཐུན་སྒྲིལ། གྲུབ་འབྲས་གཡུར་ཟ་ལོན་པའི་རྩེ་འཛོམས་གྲོས་ཚོགས་འཚོགས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
འཕྲིན་སྟེགས། weikangba