ད་ལོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་དངོས་ཟིན།

2025-08-07
869

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དོན་དག་ཡག་མོ་སྒྲུབ་དགོས་ན་གཙོ་བོར་ཏང་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ལ་རག་ལས་པས། ད་ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཀུན་སྤྱོད་དམ་འཛིན་ནས་འགོ་བརྩམས་ཏེ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་བྱེད་པར་སློབ་སྦྱོང་སློབ་གསོ་སྤེལ་ཞིང་། བཅོས་བསྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་རང་ཉིད་གསར་བརྗེ་ཇེ་དྲག་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱབ་བརྟེན་བརྟན་པོ་བྱེད་པ་རེད། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་དངོས་ཟིན་ཞེས་པའི་མུ་འབྲེལ་སྒྲོག་གཏོང་ལས་ཚེས་དྲུག་ཉིན་ཏང་གི་རང་ཉིད་གསར་བརྗེའི་རྩ་བ་བརྟན་པོར་སྲུང་དགོས་ཞེས་པ་བཏང་བ་རེད།
       ད་ལོའི་བདུན་གཅིག་སྔོན་དུ་ཏང་ནང་ཁུལ་གྱི་བསྡོམས་རྩིས་གཞི་གྲངས་གསར་པ་ཁྱབ་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་བཞི་ལོའི་ལོ་མཇུག་བར་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་བསྡོམས་གྲངས་དུང་ཕྱུར་གཅིག་ལས་བརྒལ་ཞིང་། ཏང་གི་གཞི་རིམ་རྩ་འཛུགས་ས་ཡ་ལྔ་དང་འབུམ་གཉིས་ཁྲི་ལྔར་ཟིན་པ་རེད། འཛམ་གླིང་ཐོག་ཆེས་ཆེ་བའི་མར་ཁེ་སིར་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པའི་ཆ་ནས། ང་ཚོའི་ཏང་གིས་དོན་ཆེན་བསྒྲུབ་པར་མ་ཟད་རླབས་ཆེན་བྱ་གཞག་བསྐྲུན་པའི་དགེ་མཚན་འཛུགས་སྐྱོང་བྱེད་དགོས་པས་ཏང་དང་རྒྱལ་ཁབ་སྐྱོང་བའི་ཐད་དམིགས་བསལ་གྱི་དཀའ་ཁག་ལའང་འཕྲད་ཡོད།
      ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་ཉེར་གཅིག་པའི་ཐུན་མོང་གི་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ཡོད་ལ། སྲིད་འཛིན་ཁོར་ཡུག་གི་གནས་བབ་རྙོག་འཛིང་དང་འཕྲད་པས། རང་ཉིད་གསར་བརྗེའི་རྩ་བ་བརྟན་པོར་སྲུང་དགོས་ཞེས་བསྟན། ཁོང་གིས་ཏང་གི་རང་ཉིད་གསར་བརྗེ་ལ་སྐུལ་དགོས་ན་ངོས་འཛིན་ཇེ་མཐོར་དང་ཏང་གཤིས་ཇེ་དྲག་གཏོང་བ། དབང་ཆ་འཁོར་སྐྱོད་ཚད་ལྡན། སྒྲིག་ལམ་ལག་བསྟར་ལ་ལྟ་སྐུལ་དང་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་པ་སོགས་ཀྱི་ཐད་སྔར་ལས་ལག་བསྟར་དམ་འཛིན་ཡག་མོ་བྱེད་དགོས།
  ཀུན་སྤྱོད་དམ་འཛིན་བྱེད་པ་ནས་འགོ་བརྩམས་ཏེ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་མ་གཏོང་བ་ནི་དུས་རབས་གསར་པའི་རང་ཉིད་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ནི་ཏང་ཀྲུང་དབྱང་གི་ཁ་དན་ཚིག་ལ་གནས་པའི་བྱེད་ཐབས་ཤིག་དང་། དུས་རབས་གསར་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་རེད་ཅེས་གསུངས།
       ཏང་ཀྲུང་དབྱང་གིས་ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནས་ཟླ་བདུན་པའི་བར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་ཟབ་མོའི་སློབ་སྦྱོང་སློབ་གསོ་གཏོང་རྒྱུའི་ཐག་བཅད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་སློབ་སྦྱོང་དང་སློབ་གསོའི་བརྗོད་བྱ་འཆར་འགོད་གཏན་འབེབས་མཛད་པ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས། སློབ་སྦྱོང་དང་སློབ་གསོ་ལ་ཁ་ཕྱོགས་གསལ་བོར་བསྟན་པ་རེད།  ཟླ་བ་གསུམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། ཐེངས་འདིར་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ཐད་ནས་འགྲེལ་བཤད་གནང་། ཁོང་གིས། སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འཛུགས་སྐྱོང་ཇེ་དྲག་ཏུ་གཏོང་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་ཟབ་མོའི་སློབ་སྦྱོང་སློབ་གསོ་བྱ་རྒྱུའི་གཏན་འབེབས་ནི། ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གཙོ་བོ་ཡིན་པས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་དང་ལག་བསྟར་ཡག་མོ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་སེམས་ཤུགས་ཇེ་བརྟན་དུ་གཏོང་བ་དང་། གོམས་གཤིས་ཡག་པོ་ཆགས་ཤིང་། ཕུལ་བྱུང་སྤྱོད་སྟངས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ལས་སྒྲུབ་དང་ལས་དོན་བྱེད་དགོས་ཞེས་གསུངས་པ་རེད། ཐེངས་འདིའི་སློབ་སྦྱོང་དང་སློབ་གསོར་དམིགས་ཏེ། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ས་གནས་སུ་རྟོག་ཞིབ་གནང་བའི་རིང་ལ། ཐེངས་མང་པོར་བླང་བྱ་གསལ་བོར་བསྟན་པ་རེད།
         ཟླ་གསུམ་པར་ཡུན་ནན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་དོན་ཚན་གྱི་སྙིང་དོན་བློ་ལ་ཞིབ་མོ་ངེས་པར་བྱེད་པ་དང་། སྒྲིག་ཁྲིམས་དང་ཆད་གཅོད་ཀྱི་འབྲེལ་ཡོད་དོན་ཚན་ཁོང་དུ་ཆུད་པར་བྱས་ནས། གནད་དོན་ཞིབ་བཤེར་དང་། གཅིག་བསྡུས་བཅོས་སྐྱོང་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན་པ་རེད། 
         ཟླ་བ་ལྔ་པར། ཧོ་ནན་དུ་སྤྱི་ཁྱབ་ཧྲུའ་ཅི་ཡིས། ཀུན་སྤྱོད་ཀྱི་བླང་བྱ་ནན་མོ་དེ་བྱེད་ཐབས་ཡག་མོ་ལ་བསྒྱུར་བ་དང་། སྒྲིག་ལམ་ནན་མོ་བཟོས་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ནན་མོ་ཡིན་པ། བཅོས་བསྒྱུར་ལ་ཕན་འབྲས་ལྡན་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།  ཟླ་བ་བདུན་པར། ཧྲན་ཞི་རུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་ཟབ་མོར་སློབ་སྦྱོང་དང་སློབ་གསོའི་རྗེས་སྒྲུབ་ལས་ཀ་དམ་འཛིན་ནན་མོ་དང་ཞིབ་ཚགས་བྱས་ཏེ། ཞིབ་བཤེར་བདེན་པ་བདེན་ཐུབ་དང་། དག་ཐེར་བྱེད་ཐབས་དོན་ལ་གནས་པ་བྱས་ནས། ཕན་འབྲས་དངོས་སུ་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།
          རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ནི་རང་ངོས་གསར་བརྗེ་ཤ་སྟག་ཡིན། ད་ལོའི་ཟླ་བ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག མིག་སྔའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གནས་སྟངས་སྔར་བཞིན་རྙོག་འཛིང་ཆེ་བས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་རྒོལ་དགོས་པ་དང་། དོགས་པ་ཟ་བ་དང་གཡོ་འགུལ་ཐེབས་པ། གུ་ཡངས་གཏོང་བ། བར་མཚམས་བཞག་པ་ཚང་མ་དེ་ནོར་འཁྲུལ་ཆེན་པོ་བཟོ་སྲིད་པས། དུས་དང་རྣམ་པ་ཀུན་ཏུ་རུལ་སུངས་ལ་རྒོལ་རྒྱུ་རྒྱུན་འཁྱོངས་དང་། འཐབ་ཇུས་བརྟན་ཤུགས་དང་རྒོལ་རྡུང་དྲག་པོ། ལྷོད་གཡེང་དང་ཕྱིར་ནུར་མི་བྱེད་པ། རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་རུང་བ། རུལ་སུངས་མི་འདོད་པ་བཅས་ལ་མཉམ་དུ་ཤུགས་བརྒྱབ་ནས། འགག་སྒྲོལ་ལས་ཀ་དང་ཡུན་རིང་ལས་ཀ། སྤྱིའི་ལས་ཀ་འདི་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་བསྒྲུབ་དགོས་ཞེས་གསུངས་ཡོད།
        སྤྱོད་ངན་དང་རུལ་སུངས་ནི་མིག་སྔའི་ཏང་སྲོལ་དང་སྲིད་གཙང་འཛུགས་སྐྱོང་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ནང་ངེས་པར་དུ་ཐག་གཅོད་དགོས་པའི་གནད་དོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐོག སྤྱོད་ངན་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་དག་ཐེར་བྱེད་པ། མཉམ་བཤེར་ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་གནད་དོན་ལ་ཆད་པ་ནན་མོ་གཅོད་དགོས་པ་དང་། མཉམ་བཅོས་ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ཀྱི་འབྱུང་རྩ་མེད་པར་བཟོ་དགོས་ཞེས་ནན་གསུང་གནང་། ཁོང་གིས། རིམ་པ་ཁག་གི་ཏང་ཨུ་དང་ལྷག་པར་ཏུ་གྲོང་ཁྱེར་དང་རྫོང་རིམ་པའི་ཏང་ཨུ་ཡིས་མང་ཚོགས་ཉེ་འཁོར་གྱི་སྤྱོད་ངན་དང་། རུལ་སུངས་གནད་དོན་དག་ཐེར་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཏེ་དུས་དང་རྣམ་པ་ཀུན་ཏུ་གཙིགས་སུ་བཟུང་ནས། མང་ཚོགས་ཚོར་ཤེས་སུ་འཇུག་དགོས་ཞེས་ནན་གསུང་གནངས་ཡོད།
ཟླ་བ་བདུན་པའི་ཚེས་བཅུ་དགུ་ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ད་ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་བརྟག་དཔྱད་དང་། ཞིབ་བཤེར་གནས་ཚུལ་སྤྱི་བསྒྲགས་བྱས། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་ཁུངས་སྣེ་ས་ཡ་གཅིག་འབུམ་གཉིས་སྟོང་དྲུག་ཐག་གཅོད་བྱས་པ་དང་། གྱོད་དོན་འབུམ་ལྔ་ཁྲི་གཉིས་སྟོང་གཅིག་ཐོར་བཀོད་ཡོད། མི་འབུམ་བཞི་ཁྲི་གཉིས་ལ་ཆད་པ་བཅད། དེའི་ནང་། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཞེ་གསུམ་གྱི་གྱོད་དོན་ཐོར་བཀོད་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་སུམ་ཅུ་ལ་ཆད་པ་བཅད་ཡོད། གཞི་གྲངས་རབ་དང་རིམ་པ་ལས། ང་ཚོ་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་སྲོལ་དང་སྲིད་གཙང་འཛུགས་སྐྱོང་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་མཚོན་ཐུབ། ད་ལོ་ནས་བཟུང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་ལེན་ཟབ་མོར་སློབ་སྦྱོང་སློབ་གསོ་སྤེལ་བ་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་གི་འགག་སྒྲོལ་ལས་ཀ་དང་ཕུགས་ཡུན་ལས་ཀ། སྤྱི་ཁོག་ལས་ཀ་ཡག་པོ་སྒྲུབ་པ་དང་།  ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་དང་འཕྲོག་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་བཀྲམ་པ་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཞི་རིམ་དུ་རྒྱུན་བསྲིངས་བྱེད་པ་བཅས་ལ། ང་ཚོའི་ཏང་གིས་བཅོས་བསྒྱུར་སྙིང་སྟོབས་དང་ཚད་གཞི་ནན་མོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ཡོད།
         ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན། དུས་རབས་གསར་པའི་བགྲོད་ལམ་གསར་པའི་ཐོག  ངེས་པར་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག ཏང་གི་འགོ་ཁྲིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་ཁྱབ་ཁོངས་སོ་སོ་དང་གོ་རིམ་སོ་སོའི་ཁྲོད་དོན་དུ་འཁྱོལ་དགོས།
            ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཚོགས་གལ་ཆེན་དག་ནང་ཞུགས་པ་དང་། ས་གནས་སུ་རྟོག་ཞིབ་གནང་དུས་སྤུས་མཐོའི་འཕེལ་རྒྱས་ལ་སྤུས་མཐོའི་ཏང་འཛུགས་ཀྱིས་སྣེ་ཁྲིད་དགོས་པར་ཐེངས་མང་གསུངས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱིས་དོན་ཆེན་སྒྲུབ་པ་དང་དོན་ཆེན་གླེང་བ། དོན་ཆེན་དམ་འཛིན་བཅས་བྱེད་པ་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་གཏོང་བའི་བར།  ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་ཁྲིད་བྱེད་པ་ནས། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་མང་ཚོགས་གསར་པའི་ཏང་འཛུགས་ལས་ཀ་ཇེ་དྲག་གཏོང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་སྒྲིག་གལ་ཆེན་གནང་བ་རེད།
        དུས་རབས་གསར་པའི་བགྲོད་ལམ་གསར་པ་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་གི་དགོངས་པ་གལ་ཆེན་་དང་ཏང་རང་ཉིད་གསར་བརྗེའི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱེད་དེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པ་ལ་སྐུལ་སྤེལ་ཆེན་པོ་བྱེད་པ།ནམ་ཡང་ལམ་དུ་ཡོད་པའི་རྒྱུན་ངང་རིང་པོ་དང་སྤོབས་པ་ཆེར་བསྐྱེད་ཀྱིས་ཏང་རང་ཉིད་གསར་བརྗེའི་བྱས་ནས། ང་ཚོའི་ཏང་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་གཙོ་བོར་གྱུར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ཡོང་བར་སྐུལ་ཁྲིད་དང་འགན་སྲུང་བྱ་རྒྱུ་རེད།

  • 顶