ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ལ་ཞལ་པར་བསྐྱོན།

2025-06-21
941

   ཟླ་བ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཞལ་པར་བསྐྱོན་ནས། དབུས་ཤར་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་གནང་། 
       ཕུའུ་ཅིང་གིས་ཨུ་རུ་སུའི་མིག་སྔར་དབུས་ཤར་གནས་བབ་ཐད་ཀྱི་ལྟ་ཚུལ་སྤྱི་བསྒྲགས་བྱས་ཏེ། ཁོང་གིས་ཨི་ཟིལ་རན་གྱིས་ཨི་རན་གྱི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་ནི་ཉེན་ཁ་ཧ་ཅང་ཆེ་ལ། འགལ་ཟླ་ཇེ་ཆེར་འགྲོ་བ་དེས་ཕྱོགས་གང་གི་ཁེ་ཕན་དང་ཡང་མི་མཐུན་པས། ཨི་རན་གྱི་ཉིང་རྡུལ་གནད་དོན་དེ་གླེང་མོལ་ལ་བརྟེན་ནས་ཐག་གཅོད་དགོས། འགལ་ཟླ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཞན་པའི་སྤྱི་དམངས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས། མིག་སྔར་གནས་བབ་སྔ་བཞིན་ཇེ་སྡུག་འགྲོ་བཞིན་ཡོད་པས། ཨུ་རུ་སུ་ལ་ཀྲུང་གོ་དང་མཐུན་སྦྱོར་ནན་མོ་བྱས་ནས། མཉམ་དུ་གནས་བབ་ཇེ་སྡུག་མི་འགྲོ་བར་འབད་པ་དང་། ས་ཁུལ་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས། 
     ཞི་ཅིན་ཕིང་གིས་ཀྲུང་གོའི་ལངས་ཕྱོགས་རྩ་དོན་ཞིབ་བརྗོད་གནང་བ་རེད། ཁོང་གིས། མིག་སྔར་དབུས་ཤར་གནས་བབ་ཛ་དྲག་ཆེ་ཞིང་། ཡང་བསྐྱར་འཛམ་གླིང་ནི་ཟིང་འཁྲུག་འཕོ་འགྱུར་གྱི་དུས་ཚོད་གསར་པ་ལ་སླེབས་ཡོད། གལ་ཏེ་འགལ་ཟླ་ཇེ་སྡུག་འགྲོ་ན། འགལ་ཟླ་ཕྱོགས་གཉིས་ལ་གྱོང་གུན་ཚབས་ཆེན་ཐེབས་པར་མ་ཟད། ས་ཁུལ་གྱི་རྒྱལ་ཁབ་ལའང་གནོད་པ་ཐེབས་རྒྱུ་རེད། མིག་སྔའི་གནས་བབ་ལ་དམིགས་ནས། ངས་གྲོས་འགོ་བཞི་བཏོན་ཡིན། 
      གཅིག་ནི་དམག་མཚམས་འཇོག་བཅུག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་རེད། དྲག་ཤུགས་ནི་འཁོན་འཛིན་དང་འགལ་བ་ཇེ་སྡུག་གཏོང་རྒྱུ་མ་གཏོགས་རྩོད་པ་ཐག་གཅོད་པའི་ཐབས་ལམ་ཡང་དག་པ་ཞིག་མིན་པས།  འགལ་ཟླ་ཕྱོགས་གཉིས་དང་ཡང་སྒོས་སུ་ཨི་ཟིལ་རན་གྱིས་དམག་མཚམས་མགྱོགས་པོར་བཞག་ནས། གནས་བབ་ཇེ་སྡུག་མི་འགྲོ་བ་དང་དམག་འཁྲུག་ཇེ་ཆེར་མི་འགྲོ་བར་བྱ་དགོས། 
        གཉིས་ནི་མི་སེར་དཀྱུས་མའི་བདེ་འཇགས་འགན་སྲུང་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། དུས་ནམ་ཡང་ཡིན་ཡང་། དམག་དོན་འགལ་ཟླ་ཁྲོད་མི་སེར་དཀྱུས་མ་སྲུང་སྐྱོང་བྱེད་པའི་མཐའ་ཚད་ལས་བརྒལ་མི་ཉན་ལ། དམིགས་འབེན་དབྱེར་མེད་ཀྱི་དྲག་ཤུགས་སྤྱོད་པ་ཡོད་ཚད་དང་ལེན་བྱེད་མི་ཉན། འགལ་ཟླ་ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་རྩི་བསྲུང་ནན་མོ་དང་། མི་སེར་དཀྱུས་མ་ལ་གནོད་པ་འགོག་དགོས་ཤིང་། རྒྱལ་ཁབ་གཞན་པའི་སྤྱི་དམངས་ཕྱིར་འཐེན་པར་སྟབས་བདེ་བཟོ་དགོས། 

གསུམ་ནི་ཁ་བརྡ་གྲོས་མོལ་གྱི་རྩ་བའི་བགྲོད་ལམ་དུ་འབྱེད་དགོས། ཁ་བརྡ་གླེང་མོལ་ནི་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བའི་ཡང་དག་པའི་ལམ་བུ་ཡིན་ལ། ཆབ་སྲིད་ཐོག་ཨི་རན་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ཆེན་པོ་བརྟན་པོར་ཡོང་བ་དང་། ཁ་བརྡ་གྲོས་མོལ་བརྒྱུད་ཨི་རན་ཉིང་རྡུལ་གནད་དོན་དེ་ཡང་བསྐྱར་ཆབ་སྲིད་ཐག་གཅོད་ཀྱི་ལམ་བུའི་ཐོག་འཇོག་པ་རྒྱུན་འཁྱོངས་དགོས།
        བཞི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་ཡོང་ཐབས་ཀྱི་འབད་པ་མེད་དུ་མི་རུང་བ་རེད། དབུས་ཤར་བརྟན་བརླིང་མེད་ན་འཛམ་གླིང་བརྟན་བརླིང་ཡོང་ཐབས་དཀའ། ཨི་ཟི་རེལ་དང་ཨི་རན་གདོང་གཏུག་གིས་དབུས་ཤར་གནས་ཚུལ་གློ་བུར་དུ་ཇེ་སྡུག་བཟོས་པ་དང་། འཛམ་གླིང་བདེ་འཇགས་ལ་གཏོར་བརླག་ཚབས་ཆེ་བཟོས་པས། རྒྱལ་སྤྱི་སྤྱི་ཚོགས་དང་ཁྱད་པར་དུ་གདོང་གཏུག་ཕྱོགས་གཉིས་ལ་དམིགས་བསལ་གྱི་ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་ཆེན་མོས་གནས་བབ་ལྷོད་པར་འབད་དགོས་ལ། དེ་ལས་ལྡོག་པའི་ལས་ཀ་སྒྲུབ་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེར་སྔར་བས་ནུས་པ་ཆེན་པོ་འདོན་དགོས་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོས་མུ་མཐུད་དེ་ཕྱོགས་སོ་སོ་དང་འབྲེལ་གཏུག་མཐུན་སྦྱོར་ཇེ་དྲག་གཏོང་བ་དང་སྟོབས་ཤུགས་བསྡུ་རུམ་བྱེད་དང་དྲང་བདེན་གཙོ་སྐྱོང་བཅས་བྱས་ནས། དབུས་ཤར་ས་ཁུལ་ཞི་བདེ་སླར་གསོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་ནན་གསུང་གནང་།
      རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཆུ་ཚད་མཐོ་བའི་འཐབ་ཇུས་མཐུན་སྦྱོར་ལ་གདེང་འཇོག་གང་ལེགས་གནང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་སྤེལ་བ་དང་། ཀྲུང་གོ་དང་ཨུ་རུ་སུ་ཁྱོན་ཡོངས་ཐབས་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མོས་མཐུན་བྱུང་ཡོད།

  • 顶