ཟླ་6ཚེས་14ཉིན་ནི་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་རྒྱུས་རིག་གནས་ཤུལ་བཞག་གིས་འདས་ཟིན་པའི་ལོ་ཟླ་གསོན་ཉམས་དོད་པོས་མངོན་ཐུབ་པ་མ་ཟད། མིག་སྔ་དང་འབྱུང་འགྱུར་ལའང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཀྱི་ཡོད།
དེ་དག་ང་ཚོར་དབང་བ་ཡིན་ལ། མི་རབས་རྗེས་མར་ཡང་དབང་བ་ཞིག་ཡིན།ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་ཞིག་ཡིན་ཞེས་བསྟན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་བྱེད་ཤུགས་རིམ་བཞིན་ཤུགས་ཆེར་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པས། ཡངས་ཤིང་རྒྱ་ཆེ་བའི་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མཆོག་ནོར་དང་བརྗིད་ཉམས་ཆེ་ཞིང་ལྟ་ན་སྡུག་པའི་རང་བྱུང་མཆོག་ནོར་གྱིས་ཐུན་མོང་ཐོག་གནའ་དེང་གི་འོད་སྟོང་འཕྲོ་ཞིང་བརྗིད་ཉམས་ཆེ་བའི་དུས་རབས་གསར་པའི་མཛེས་རིས་ཤིག་མངོན་པར་བྱས་ཡོད།མི་རིང་བའི་གོང་། རང་རྒྱལ་གྱིས་འཛམ་གླིང་གི་རིག་གནས་ཤུལ་བཞག་ཀུའུ་ལང་ཡུས་གླིང་ཕྲན་དེ་ཧའོ་སྨི་རིམ་པའི་ཞིབ་ཚད་ཀྱི་ཐོག་ནས“གྲངས་འཛིན་མཚེ་མའི”དཔེ་དབྱིབས་ཞིག་བཟོས་ཡོད་ཅིང་། གླིང་ཕྲན་ཐོག་གི་ཁྱད་ཆོས་ལྡན་པའི་བཟོ་བཀོད་73ཞིབ་ཆ་ལྡན་པའི་ངང་གནད་འཕིགས་སླར་གསོ་བྱས་པ་མ་ཟད། འཛམ་གླིང་ཤུལ་བཞག་གི་ཡིག་ཚགས་དོ་དམ་མ་ལག་ནང་མཐུད་འཇུག་བྱས་ཡོད། དེ་དང་ཆབས་ཅིག གསར་གཏོད་བྱས་ནས་བཏོན་པའི་རིག་ནུས་ཕྱོགས་སྟོན་དང་ཁྱད་ཆོས་ལྡན་པའི་བརྗོད་གཙོའི་ལམ་ཐིག་བཟོ་བ་སོགས་ཉམས་ལེན་སྣ་ཚོགས་བྱེད་ཆོག་པས། ཡུལ་སྐོར་བས་དེང་རབས་ཀྱི་ཉམས་འགྱུར་དང་ལོ་རྒྱུས་རིག་གནས་མྱོང་ཚོར་ཟབ་མོ་བྱེད་ཐུབ། ཉེ་བའི་ལོ་ཤས་རིང་། རྟོག་བཟོའི་དངོས་ཡོད་དང་། གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས་བཅས་ཀྱིས་ཚབ་མཚོན་བྱས་པའི་ལག་རྩལ་གསར་པས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་ནུས་པ་མགྱོགས་མྱུར་ཐོན་ཡོད་པས། རིག་དངོས་བྱ་གཞག་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཏེ། གནའ་བོའི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་རྐྱང་ཞིག་མངོན་ཐུབ་པ་བྱུང་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི”བླ་ན་མེད་པའི་འགན་སེམས་ཐོག་ནས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ལས་དོན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་སུ་བཞག་ནས། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད།
རང་བྱུང་དང་མི་ཆོས་རིག་གནས་མཉམ་དུ་འདུས་པའི་ཝུའུ་དབྱི་ཧྲན་རི་བོ་ནས་ཀོང་ཏུང་ཁྲའོ་ཀྲོའུ་ཡི་ཀོང་ཅི་ཐོག་ཁང་བར་དང་། སི་ཁྲོན་གྱི་ཚུའེ་ཡུན་བར་ཁྱམས་གནའ་ལམ་ནས་ཧོ་ནན་ལུའོ་དབྱང་གི་ལུང་མོན་བྲག་ཕུག་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིག་གནས་ཞབས་རྗེས”མེས་རྒྱལ་གྱི་ལྷོ་བྱང་གང་སར་བཞག་གནང་ཡོད་པ་དང་། རིག་གནས་ཤུལ་བཞག་ལ་རྟོག་ཞིབ་དང་། ཤེས་དཔལ་གྱི་རྩ་རྒྱུན་འཚོལ་ཞིབ་གནང་ནས། “རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཤུལ་བཞག་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཆོག་ནོར་དང་རང་བྱུང་མཆོག་ནོར་སྲུང་སྐྱོང་ཡག་པོ་བྱ་དགོས”ཞེས་ནན་སྟོན་ཐེངས་མང་གནང་ཡོད།མིག་སྔའི་བར། ལྕགས་རི་རིང་པོ་དང་མི་བཟོས་གཙང་པོ། དར་གོས་ལམ་བུ་སོགས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ལས་གྲྭ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད་པ་དང་། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་ལ། རིག་ཚན་མང་པོས་ཁྱབ་ཁོངས་བརྒལ་ནས་མཉམ་འབྲེལ་ཐོག་འགག་གཏོར་བྱས་ནས། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི“ཚན་རྩལ་འདུས་ཚད”མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།རང་རྒྱལ་ནི་རིག་གནས་དང་རང་བྱུང་ཤུལ་བཞག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན།
མིག་སྔར་འཛམ་གླིང་གི་རིག་གནས་ཤུལ་བཞག་རྣམ་གྲངས་40དང་རང་བྱུང་ཤུལ་བཞག་རྣམ་གྲངས་15 རིག་གནས་དང་རང་བྱུང་ཤུལ་བཞག་གཉིས་ལྡན་རྣམ་གྲངས་4བཅས་ཡོད་པས། འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིགས་གནས་ཁག་གིས་རང་བྱུང་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པས། ཕུལ་དུ་བྱུང་བའི་ལག་ལེན་གྱི་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད། ཐའེ་ཧྲན་རི་བོར“རིག་ནུས་ཐའེ་ཧྲན”ཞེས་པའི་ཕྱོགས་བསྡུས་སྲུང་སྐྱོང་དོ་དམ་མ་ལག་བཙུགས་པ་དང་། ཧྥན་ཅིན་ཧྲན་རི་བོར་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་གསེར་མྱུར་སྐྱོབ་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་པ། ས་གནས་མང་པོ་ཞིག་ཏུ་སྐྱེ་དངོས་དང་སྲོག་ཆགས་རིགས་ལྟ་ཞིབ་ཚད་ལེན་བྱེད་པའི་གློག་རྡུལ་ཆ་འཕྲིན་ཡིག་ཚགས་ཀྱི་གྲངས་གཞིའི་མཛོད་བཙུགས་པ། རང་བྱུང་ཤུལ་བཞག་ས་ཆར་རེས་མོས་སྒོ་བཀག་གི་ལམ་ལུགས་ལག་བསྟར་བྱས་པ་སོགས་བྱ་ཐབས་གསར་པ་རབ་དང་རིམ་པས་རང་བྱུང་ཤུལ་བཞག་རྒྱུན་མཐུད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གིས་མཐོ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་བསྟུད་མར་བཏོན་ཏེ། རིག་གནས་དང་རང་བྱུང་ཤུལ་བཞག་གི་ཁྲིམས་འཛིན་སྲུང་སྐྱོང་སྲུང་ར་བརྟན་པོ་བསྐྲུན་ཡོད། 2019ལོར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒྱལ་ཁབ་སྤྱི་གླིང་གིས་གཙོ་གཟུགས་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ནས།2035ལོར་སླེབས་དུས་རང་བྱུང་སྲུང་སྐྱོང་ས་ཆའི་གཞི་ཁྱོན་དང་དོ་དམ་ཐད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུ་ཡིན་པ་བཏོན་ཡོད། ད་ལོའི་ཟླ་3ཚེས་1ཉིན། རང་རྒྱལ་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་པ་དང་། ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་སྲུང་སྐྱོང་བྱེད་བཞིན་ཡོད།རིག་གནས་དང་རང་བྱུང་ཤུལ་བཞག་ནི་ང་ཚོར་དབང་བ་ཡིན་ལ། མི་རབས་རྗེས་མར་ཡང་དབང་བ་ཞིག་ཡིན། རྒྱང་ལམ་གསར་པའི་ཐོག ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། བེད་སྤྱོད་བཅས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་རྩ་རྒྱུན་སྲུང་སྐྱོང་ཡག་པོ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
འཕྲིན་སྟེགས། weikangba