ཟླ་བ་དྲུག་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ལི་ཙའེ་མིང་དང་ཞལ་པར་བསྐྱོན་ཏེ་ཡང་བསྐྱར་ལི་ཙའེ་མིང་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མ་ནི་བྲལ་ཐབས་མེད་པའི་ཁྱིམ་མཚེས་ཡིན་ལ། ཕྱི་འབྲེལ་བཙུགས་ནས་ལོ་སོ་གསུམ་རིང་། རྒྱལ་ཁབ་གཉིས་ཀྱིས་འདུ་ཤེས་སྟབས་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཧེ་བག་བསལ་ནས། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་སྐུལ་སྤེལ་གང་ལེགས་དང་། ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱས་ཡོད། སྐྱོན་བྲལ་བརྟན་བརླིང་དང་རྒྱུན་མཐུད་ཟབ་སྤེལ་གྱི་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་འབྲེལ་བ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལའང་ཕན་པ་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མས་ཕྱི་འབྲེལ་བཙུགས་པའི་ཐོག་མའི་དམ་བཅའ་བརྟན་པོ་སྲུང་ཞིང་། ཁྱིམ་མཚེས་མཛའ་མཐུན་གྱི་ཁ་ཕྱོགས་བརྟན་སྲུང་། གཉིས་ཁེ་མཉམ་རྒྱལ་གྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོས་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་ལས་མང་པོ་སྐྲུན་པ། འགྱུར་ལྡོག་དང་ཟིང་ཆ་ཆེ་བའི་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་གཏན་ཁེལ་ནུས་པ་སྔར་ལས་མང་པོ་འདོན་དགོས། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་བརྗེ་རེས་ཇེ་དྲག་བཏང་ནས། འཐབ་ཇུས་ཡིད་རྟོན་ཇེ་ཟབ་གཏོང་དགོས། ཕྱོགས་གཉིས་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ཟབ་མོ། མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བྱས་ནས། འཛམ་གླིང་དང་ས་ཁུལ་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་བརྟན་བརླིང་ཞིང་ཐོགས་མེད་ཡོང་བར་འགན་སྲུང་བྱེད་དགོས། མི་ཆོས་རིག་གནས་བརྗེ་རེས་ཟབ་མོ་དང་། ཕན་ཚུན་རྒྱུས་ལོན་ཇེ་མང་། དམངས་འདོད་རྨང་གཞི་ཇེ་བརྟན་བཏང་ནས། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་ནང་ཟུག་འཇུག་དགོས། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེ་སར་བརྩི་བཀུར་དང་། ཕྱོགས་གཉིས་འབྲེལ་བའི་ཁ་ཕྱོགས་དམ་འཛིན་བྱས་ནས། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་འབྲེལ་བ་དེ་ནམ་ཡང་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱེད་དགོས་ཞེས་ནན་གསུངས་གནང་།
ལི་ཙའེ་མིང་གིས་དེ་དག་ལ་མོས་མཐུན་བྱེད་ཅིང་། ཁོང་གིས་ཁོ་རེ་ཡ་ལྷོ་མ་དང་ཀྲུང་གོ་དང་ས་བབ་ཐད་ནས་ཁྱིམ་མཚེས་ཡིན་ལ། འགྲོ་འོང་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དཔལ་འབྱོར་ཉོ་ཚོང་དང་རིག་གནས་འབྲེལ་བ་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཆེན་པོ་ཐོབ་ཡོད་པས་། ཀུན་གྱིས་ཡིད་སྨོན་བྱེད་ཀྱིན་ཡོད། ངས་ཁོ་རེ་ཡ་ལྷོ་མ་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ། ཕྱོགས་གཉིས་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་ཟབ་མོ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་བ་ལེགས་བཅོས་དང་ཇེ་ཟབ་བཏང་ནས། ཁོ་རེ་ཡ་ལྷོ་མ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་འཇུག་འདོད་ཡོད་ཅེས་གསུངས་པ་རེད།
འཕྲིན་སྟེགས། weikangba