ཟླ་བ་དྲུག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་འགོ་ཁྲིད་མིང་ཨང་ལའེ་ཡིས་ཕན་ཚུན་ཤིས་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་དོན་ལྔ་རིང་། ཀྲུང་གོ་དང་འབར་མའི་སྤུན་ཟླ་མཛའ་བརྩེ་ལ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ཅིང་ལོ་རྒྱུས་ཡུན་རིང་ལྡན་པ་རེད། ཕྱོགས་གཉིས་ཀྱིས་མཉམ་དུ་འབོད་སྐུལ་བཏང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། ཁྱིམ་མཚེས་མཛའ་མཐུན་རྒྱུན་འཁྱོངས་དང་གཉིས་ཁེ་མཉམ་ལས་ཟབ་སྤེལ་བྱེད་པ། ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཅིང་། རྒྱལ་ཁབ་བར་མཛའ་མཐུན་འགྲོ་འོང་བྱེད་པའི་དཔེ་སྟོན་ཆགས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོའི་ཟླ་བ་ལྔ་པར། ངེད་གཉིས་ཀྱིས་ཨུ་རུ་སུ་རུ་ཞལ་འཛོམས་བྱས་ནས། ཀྲུང་གོ་དང་འབར་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ཀྲུང་གོས་ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་དང་། འབར་མ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་དོན་ལྔ་འཁོར་བ་གོ་སྐབས་སུ་འཛིན་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྤུས་མཐོར་གཏོང་བའི་མཉམ་ལས་ཇེ་ཟབ་བཏང་ནས། འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་གྲོས་འགོ འཛམ་གླིང་དཔལ་ཡོན་གྲོས་འགོ་མཉམ་དུ་ལག་བསྟར་བྱེད་པ། ཀྲུང་གོ་དང་འབར་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ཟབ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་ལས་མང་པོ་བསྐྲུན་འདོད་ཡོད་ཅེས་ནན་གསུང་གནང་བ་རེད།
མིང་ཨང་ལའེ་ཡིས། སྐུ་ཞབས་ཀྲུའུ་ཞི་ཡིས་༢༠༢༠ལོར་འབར་མ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་གནང་ནས། འབར་མ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་རྣམ་པ་གསར་པ་གཏོད་ཡོད། ཉེ་ཆར། འབར་མར་ས་འགུལ་ཆེན་པོ་བྱུང་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཐོག་ཏུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱས་ཡོད་ལ། དེ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་བྱེད་པའི་བརྩེ་བ་ཟབ་མོ་ལེགས་པར་མཚོན་ཡོད། ངས་སྐུ་ཞབས་ཀྲུའུ་ཞི་དང་མོ་སི་ཁོ་ནས་གྲུབ་འབྲས་ལེགས་པོ་ལྡན་པའི་ཐུག་འཕྲད་བྱས་ཡོད་ལ། འབར་མ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་ཟབ་སྤེལ་གཏོང་བར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་འབར་མས་ཞི་བདེ་བརྟན་བརླིང་དང་མི་རིགས་ཞི་མཐུན། དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཞུ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་ཚད་མགྱོགས་སུ་བཏང་ནས། སྔར་བས་སྟོབས་ལྡན་དང་བརྟན་པོ། གཉིས་ཁེའི་རོགས་ཟླའི་འབྲེལ་བ་འཛུགས་སྐྱོང་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མིང་ཨང་ལའེ་དང་ཕན་ཚུན་ཤིས་འཕྲིན་སྤྲིངས་ཤིང་། ལི་ཆང་གིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་དོན་ལྔ་རིང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་པ་བྱས་པར། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་སྤེལ་རེས་དང་་དོན་གཉེར་མཉམ་ལས་ལ་གྲུབ་འབྲས་ཡག་མོ་བྱུང་ཡོད། ངས་ཁྱེད་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཟབ་སྤེལ་བཏང་སྟེ། ཀྲུང་གོ་དང་འབར་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་ལས་ཀ་སྔར་བས་ཟབ་མོ་དང་དོན་གཉེར་ཡོང་བར་སྐུལ་སྤེལ་དང་། རང་རེའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་འགུལ་ནུས་གསར་པ་སྤྲོད་འདོད་ཡོད་ཅེས་གསུངས་པ་རེད། མིང་ཨང་ལའེ་ཡིས། ཞི་བདེ་མཉམ་གནས་རྩ་དོན་ལྔའི་མཛུབ་སྟོན་འོག འབར་མ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། འབར་མས་ཀྲུང་གོ་དང་ལག་གདང་གཅིག་ཏུ་སྦྲེལ་ནས་འབར་མ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་སྐུལ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་བས་ཆེན་པོ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
འཕྲིན་སྟེགས། weikangba