མིའི་རིགས་ནི་འཇིག་རྟེན་ཁམས་ཀྱི་བློ་གྲོས་ལྡན་པའི་སྲོག་ལྡན་གཅིག་པུ་དེ་ཡིན་ནམ། ཡང་ན་སའི་གོ་ལ་དང་འདྲ་བའི་ཚེ་སྲོག་འཚོ་གནས་ཐུབ་པའི་རྒྱུ་སྐར་གཞན་ཞིག་ཡོད་དམ། འདི་དག་ནི་མི་རྣམས་ཀྱིས་ནམ་ཡང་བསམ་གཞིགས་བྱེད་པའི་འཇིག་རྟེན་གྱི་གསང་བ་ཞིག་རེད།
གསར་འགོད་པས་ཟླ་དྲུག་པའི་ཚེས་གསུམ་ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཚན་རིག་གླིང་ཡུན་ནན་གནམ་དཔྱད་ཁང་གིས་སྣེ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པས་ཉི་མ་དང་འདྲ་བའི་བརྟན་སྐར་ཞིག་གི་མཐའ་འཁོར་གྱི་འཚོ་སྡོད་དང་འཚམ་པའི་ཁམས་ཤིག་ཏུ་རིམ་འདས་སའི་གོ་ལ་༼Kepler-725c༽ཞིག་རྙེད་པ་དང་དེའི་སྤུས་ཚད་ནི་སའི་གོ་ལའི་སྤུས་ཚད་ཀྱི་ལྡབ་༡༠ཙམ་ཡིན་པ་རེད།
རིམ་འདས་སའི་གོ་ལ་འདིས་Kepler-725ཟེར་བའི་G9Vརིགས་ཀྱི་བརྟན་སྐར་ཞིག་སྐོར་ནས་འཁོར་བཞིན་ཡོད་པ་དང་། བརྟན་སྐར་གྱི་འོད་རིམ་རྣམ་པ་དེ་ཉི་མ་དང་འདྲ་པོ་ཡོད་མོད། འོན་ཀྱང་དེ་ནི་ཉི་མ་ལས་ལོ་ཆུང་ཞིང་། ལོ་དུང་ཕྱུར་བཅུ་དྲུག་ལས་ཟིན་མེད་ལ། ཕྱི་ངོས་ཀྱི་སྡུད་ཁྱམས་འགུལ་སྐྱོད་ཀྱང་ཉི་མའི་འགུལ་སྐྱོད་ལས་ཤུགས་དྲག་ཆེ་བ་རེད། རིམ་འདས་སའི་གོ་ལ་དེ་༼Kepler-725༽ཡི་འཚོ་སྡོད་འཚམ་གནས་སམ་གཤེར་རྣམ་ཆུ་གནས་ཐུབ་པའི་ཁམས་སུ་ཡོད་པ་དང་། དེ་ནི་སའི་གོ་ལ་དང་འདྲ་བའི་ཚེ་སྲོག་འབྱུང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སའི་གོ་ལ་འདིས་བརྟན་སྐར་སྐོར་ནས་སྐོར་བ་གཅིག་འཁོར་སྐྱོད་བྱེད་པར་ཕལ་ཆེར་ཉིན་༢༠༧.༥དགོས་ལ། སའི་གོ་ལའི་སྤྱི་འཁོར་འཁོར་ཡུན་དང་འདྲ་པོ་ཡིན་པ་རེད།
ཀྲུང་གོ་ཚན་རིག་གླིང་ཡུན་ནན་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ཀུའུ་ཧྲེང་ཧུང་གིས་རིམ་འདས་སའི་གོ་ལ་དེ་ནི་ཉི་མ་དང་འདྲ་བའི་བརྟན་སྐར་ཞིག་གི་ཉེ་འགྲམ་གྱི་འཚོ་སྡོད་དང་འཚམ་པའི་ཁམས་སུ་ཡོད་ལ། ཡང་ཅིག་བཤད་ན་དེ་ལ་སའི་གོ་ལ་དང་འདྲ་བའི་སོལ་རྒྱུར་༼ཐཱན་ཅི༽རྟེན་པའི་ཚེ་སྲོག་གནས་ཤོས་ཆེ་ཟེར།
ཞིབ་འཇུག་གྲུབ་འབྲས་འདི་ཟླ་དྲུག་པའི་ཚེས་གསུམ་ཉིན་༼རང་བྱུང་ཁམས་དང་གནམ་དཔྱད་༽ཅེས་པའི་རྒྱལ་སྤྱིའི་ཚན་རིག་དུས་དེབ་གྲགས་ཆེན་ཞིག་གི་ཐོག་བཀོད་ཡོད་པ་རེད།
འཕྲིན་སྟེགས། weikangba