དཔལ་འབྱོར་ཉོ་ཚོང་ཐད་ཀྲུང་གོ་དང་ཨ་རི་བར་གྲོས་མཐུན་གལ་ཆེན་བྱུང་བ།

2025-05-12
251

  ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་ཐད་གྲོས་མཐུན་གལ་ཆེན་བྱུང་འདུག ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་ཐུག་འཕྲད་གྲོས་མོལ་དེ་ཟླ་5ཚེས་10ཉིན་ནས་11ཉིན་བར་སུའེ་ཙེར་གྱི་རི་ནེ་ཝར་བྱས་ཡོད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་ཀྲུང་གོའི་ཕྱོགས་ཀྱི་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་གྱི་དགོང་མོ་ཀྲུང་གོའི་ཕྱོགས་ཀྱི་འཐུས་མི་ཚོགས་པས་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཞུགས་སྐབས། ཐེངས་འདིའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་ཐུག་འཕྲད་གྲོས་མོལ་དེ་ཁ་ཞེ་གཉིས་མེད་དང་གཏིང་ཟབ་པ། དགེ་མཚན་དང་ལྡན་པ་ཞིག་བྱུང་སོང་།  གྲོས་མཐུན་གལ་ཆེན་མང་པོ་འཇོག་ཐུབ་ཡོད་པ་མ་ཟད་དོན་ངོ་མའི་འཕེལ་རིམ་ཐོན་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་གང་མགྱོགས་དེ་འབྲེལ་གྱི་ནང་དོན་ཞིབ་ཆ་གཏན་འཁེལ་བྱ་རྒྱུ་མ་ཟད། ཟླ་5ཚེས་12ཉིན་ཐུག་འཕྲད་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་རེད་ཅེས་གསུངས་འདུག 

  ཧོ་ལི་ཧྥེང་གིས། མིག་སྔའི་དུས་བབ་འོག ཐེངས་འདིའི་གྲོས་མོལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ཐོན་ཞིང་། འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ཏེ་ཕྱོགས་འགལ་ཐག་གཅོད་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད་པས། ཕྱོགས་འགལ་སྔར་བས་སེལ་རྒྱུ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རྨང་གཞི་བཏིང་བ་དང་ཆ་རྐྱེན་བསྐྲུན་ཡོད་ཅེས་གསུངས་ཡོད།

  ཧོ་ལི་ཧྥེང་གིས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བས་རྒྱལ་ཁབ་གཉིས་པོར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་ལྷིང་དང་འཕེལ་རྒྱས་ལའང་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ནས་ཨ་རི་ཕྱོགས་དང་མཉམ་དུ་ད་ལོའི་ཟླ་1ཚེས་17ཉིན་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་པར་ཐོག་ནས་གྲུབ་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱས་ཐོག གནད་དོན་ཐག་གཅོད་བྱེད་པའི་དངོས་སྒྲུབ་རྣམ་འགྱུར་ཐོག་ནས། ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་ཤོད་རེས་དང་འདྲ་མཉམ་གྲོས་མོལ། ཕྱོགས་འགལ་དོ་དམ་ཚོད་འཛིན་བཅས་བྱེད་པ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། མཉམ་ལས་ཀྱི་ཞིབ་ཐོ་ཇེ་མང་དུ་གཏོང་བ། མཉམ་ལས་ཀྱི་ཕན་པ་དེ་བས་ཆེ་བ་གཏོད་པ་བཅས་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་ལ་ངེས་གཏན་རང་བཞིན་དང་བརྟན་བརླིང་རང་བཞིན་སྔར་ལས་མང་བ་སྣོན་འདོད་ཡོད་ཅེས་གསུངས་ཡོད།


  • 顶