
དགའ་བསུ་མཛད་སྒོའི་རྗེས་སུ། ཞི་ཅིན་ཕིང་དང་ཕུའུ་ཅིན་གྱིས་སྔ་རྗེས་སུ་གཞི་ཁྱོན་ཆེ་ཆུང་གཉིས་ཀྱི་ཐད་ནས་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གནད་དོན་གལ་ཆེན་སྐོར་ནས་བསམ་འཆར་བརྗེ་རེས་ཟབ་མོ་གནང་སྟེ། བློ་བརྟན་འགྱུར་མེད་ཀྱིས་འཐབ་ཇུས་མཐུན་སྦྱོར་ཇེ་ཟབ་གཏོང་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ། ཆུ་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ། མཉམ་གཅིག་ཏུ་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་སྲུང་སྐྱོབ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་རྒྱུར་དགོངས་པ་གཅིག་མཐུན་བྱུང་།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་ཞིང་སྐྱོན་བྲལ་བ། འཕེལ་རྒྱས་ཆུ་ཚད་མཐོན་པོར་བྱུང་བའི་གནས་བབ་མཐའ་འཁྱོངས་ཡོད། དུས་ཡུན་རིང་པོའི་མཛའ་མཐུན་ཁྱིམ་མཚེས་དང་། གཉིས་ཁེ་མཉམ་ལས་མཉམ་རྒྱལ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱད་ཆོས་གཙོ་བོར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཆབ་སྲིད་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དང་། དོན་གཉེར་མཉམ་ལས་ཀྱི་འབྲེལ་ཐག་ཇེ་དམ། མི་ཆོས་སྤེལ་རེས་དང་ས་གནས་འགྲོ་འོང་ཇེ་ཟབ། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔར་བས་གུ་ཡངས་ཡིད་ཆེས་དང་། བརྟན་བརླིང་འགྱུར་མེད་ཡིན། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་དང་ཇེ་ཟབ་གཏོང་རྒྱུ་ནི། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པའི་དགོས་ངེས་དོན་སྙིང་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་། སོ་སོས་རང་ཉིད་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་གདམས་ཀ་ཡིན་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་བསྒྱུར་ལ་ཤུགས་འདོན་པའི་དུས་རབས་ཀྱི་འབད་སྐུལ་ཀྱང་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་བདེན་དཔང་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གིས་ཧྥ་ཞི་སི་ལ་རྒོལ་བའི་དམག་འཁྲུག་བཅས་ལ་རྒྱལ་ཁ་བླངས་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན། ལོ་བརྒྱད་ཅུའི་སྔོན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བློས་བཏང་མང་པོ་ལས། རླབས་ཆེན་གྱི་རྒྱལ་ཁ་བླངས་ཏེ། འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་རྒྱས་ཀྱི་བྱ་གཞག་ལ་ལོ་རྒྱུས་དེབ་ཐེར་ནང་བཀོད་པའི་བྱས་རྗེས་བཞག་ཡོད། མིག་སྔར། རྒྱལ་སྤྱིའི་ཐོག་གི་ཕྱོགས་ལྷུང་རིང་ལུགས་ཀྱི་ངན་སྲོལ་དང་བཙན་དབང་གཏུམ་སྤྱོད་ཀྱི་བྱ་སྤྱོད་ལ་ཁ་གཏད་དེ། ཀྲུང་གོས་ཨུ་རུ་སུ་དང་མཉམ་པོར། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་དམིགས་བསལ་ལས་འགན་ཕྲག་ལ་བླངས་ནས། སྤོབས་རྩལ་ཆེན་པོས་མཉམ་གཅིག་ཏུ་འཁྲུག་ཆེན་གཉིས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་འགན་སྲུང་དང་། འཁྲུག་ཆེན་གཉིས་ཀྱི་རྒྱལ་ཁའི་གྲུབ་འབྲས་ལ་འགན་སྲུང་བརྟན་པོ། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དང་དེ་བཞིན་དུ་རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་མཐའ་གཅིག་ཏུ་འགན་སྲུང་བྱས་ཏེ།དཔུང་པ་མཉམ་གཤིབས་ཀྱིས་འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཅན་གྱི་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་སྤེལ་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་གནས་ཚུལ་སྙན་ཞུ་ལ་གསན་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་ཤིང་། ཕྱི་རོལ་གྱི་ཇུས་གཏོགས་མེད་པར་བཟོས་ཏེ། མཉམ་ལས་བརྟན་པོ་ཡོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དང་ཡར་རྒྱས་ཀྱི་སྒུལ་ནུས་སྔར་ལས་འདང་ངེས་བྱ་དགོས། རྒྱལ་ཁབ་གཉིས་ཀྱི་ཐོན་ཁུངས་ཀྱི་ནུས་པ་དང་ཐོན་ལས་མ་ལག་ཕན་ཚུན་ཁ་གསབ་ཀྱི་ཁྱད་ནུས་འདོན་སྤེལ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད། མིས་བཟོའི་རིག་ནུས་སོགས་ཁྱབ་ཁོངས་ནང་གི་སྤུས་ཚད་མཐོན་པོའི་གཉིས་ཁེ་མཉམ་ལས་རྒྱ་བསྐྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་མཐུད་སྦྲེལ་སྟེགས་བུ་བརྒྱུད་ནས། ཚད་གཞི་མཐོ་བའི་སྦྲེལ་མཐུད་རྣམ་པ་བསྐྲུན་དགོས། ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོའི་ནུས་པ་འདོན་སྤེལ་བྱས་ཏེ། སློབ་གསོ་དང་གློག་བརྙན། ཡུལ་སྐོར། ལུས་རྩལ། ས་གནས་སོགས་ཀྱི་མཉམ་ལས་ཇེ་དྲག་བཏང་ནས། དམངས་སེམས་སྦྲེལ་མཐུད་ཇེ་ཟབ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། བྷོད་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་དང་མཉམ་ལས་ཟབ་སྤེལ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་དང་དངོས་གནས་དྲང་གནས་ཀྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་བོའི་སྣེ་ཁྲིད་ནས་ཡང་དག་པའི་ཁ་ཕྱོགས་བཅོས་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གཏོང་བའི་རླབས་ཆེའི་བྱ་གཞག་ལ་སྐུལ་སྤེལ་གཏོང་བཞིན་ཡོད། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་ཡིད་ཆེས་ཡོད་ལ། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་རང་རེའི་དོན་དག་ཡག་མོ་བསྒྲུབ་རྒྱུ་ཡིན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་དུས་རབས་ཀྱིས་སྤྲད་པའི་དམིགས་བསལ་འགན་འཁྲི་ཕྲག་ཏུ་འཁུར་ཏེ། གོ་ལ་ཧྲིལ་པོའི་ཕྱོགས་མང་ཉོ་ཚོང་ནང་རྐྱེན་དང་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་བརྟན་བརླིང་དང་ཐོགས་མེད་ཡོང་བར་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་གཉིས་འཕེལ་རྒྱས་དར་རྒྱས་ཡོང་བར་སྐུལ་འདེད་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་གྱི་བྱ་གཞག་ཆེན་མོ་སྲུང་སྐྱོང་བྱེད་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་འདོད་ཡོད་ཅེས་ནན་གསུང་གནང་བ་རེད།
ཕུའུ་ཅིན་གྱིས་སྤྲོ་སེམས་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་ཞིང་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དྲན་གསོ་བྱེད་སྒོའི་ནང་ཞུགས་པར་དགའ་བསུ་ཞུས་པ་རེད། ཐེངས་འདིའི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་པས། དེས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཐེབས་པར་མ་ཟད་ད་རུང་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲུང་སྐྱོང་བྱ་ཡིན་ཞེས་གསུངས་པ་རེད།
ཕུའུ་ཅིན་གྱིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་བཙུགས་པ་ཡིན་ལ། ཕུང་གསུམ་པ་ལ་ཁ་གཏད་མེད་ལ། དུས་སྐབས་ཤིག་གི་དོན་དག་གིས་ཤུགས་རྐྱེན་ཡང་ཐེབས་མི་སྲིད། བློ་བརྟན་འགྱུར་མེད་ཀྱིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་གཉིས་ཁེ་མཉམ་ལས་རྒྱ་བསྐྱེད་པ་ནི་ཨུ་རུ་སུའི་འཐབ་ཇུས་གདམ་ག་ཡིན་ལ། ཨུ་རུ་སུས་བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པ་དང་། ཐའེ་ཝན་གནད་དོན་ཐད་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་ཡིན། ཨུ་རུ་སུས་ཀྲུང་གོ་དང་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་གཏོང་བ་དང་། ཉོ་ཚོང་དང་མ་གཏོང་། ནུས་ཁུངས། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དོན་གཉེར་མཉམ་ལས་ཇེ་དྲག་གཏོང་བ། སློབ་གསོ་དང་རིག་གནས། ན་གཞོན། ཡུལ་སྐོར་སོགས་ཐད་ཀྱི་མི་ཆོས་ཟབ་སྤེལ་བཏང་ནས། རྒྱང་ཤར་ས་ཁུལ་གྱི་མཉམ་ལས་ནང་དོན་རྒྱ་བསྐྱེད་འདོད་ཡོད། སྒོ་ཁྲལ་ཇེ་མང་བསྡུ་རྒྱུ་དེ་ནི་རྒྱུན་ལྡན་གྱི་ཆོས་ཉིད་དང་འགལ་ཞིང་གནས་ལུགས་དང་མི་མཐུན་པས། རང་སྡུག་རང་གིས་ཉོ་པ་ལས་ཟད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། བྷོད་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་རམ་འདེགས་ཇེ་དྲག་གཏོང་དགོས་པ་དང་། འཛམ་གླིང་སྣ་མང་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་དེ། མཉམ་དུ་ཕྱོགས་ལྷུང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། གང་འདོད་ཀྱིས་བཀག་སྡོམ་གང་མོས་བྱེད་པ་ལ་ངོ་རྒོལ་དང་ཚོགས་སྒྲིག་འགྲན་རྒོལ་ལ་ངོ་རྒོལ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཕུའུ་ཅིན་གྱིས། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གིས་ཧྥ་ཤི་སི་ལ་རྒོལ་བའི་འཐབ་འཁྲུག་ནང་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་བརྟན་པོའི་འོག ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་ནས། འཇར་འགོག་དམག་འཁྲུག་ལ་རླབས་ཆེ་བའི་རྒྱལ་ཁ་ལོན་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ལོན་པའི་བྱས་རྗེས་ཆེན་པོ་བཞག་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དཀའ་སྡུག་གི་འཐབ་འཁྲུག་ལོ་ཟླའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་མཛའ་བརྩེ་ཟབ་མོ་ཆགས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་རྨང་གཞིའི་བརྟན་པོ་བཏིང་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཡང་དག་ལོ་རྒྱུས་དོན་དངོས་སྲུང་སྐྱོང་བྱེད་དགོས་པ་དང་། རྒྱལ་སྤྱིའི་དྲང་བདེན་དྲང་བཞག་ལ་བརྩི་སྲུང་བྱས་ནས། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་སྔར་ལས་བདེ་སྐྱིད་ལྡན་པའི་མ་འོངས་གཏོད་དགོས་ཞེས་གསུངས་པ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཕན་ཚུན་གྱི་གཅིག་མཐུན་ལྟ་བ་ལྟར། སྤེལ་རེས་སྦྲེལ་མཐུད་ཇེ་དྲག་དང་བྱེ་བྲག་མཉམ་ལས་ལག་བསྟར་བྱེད་དེ། མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔར་ལས་ཇེ་ལེགས་གཏོང་དགོས་པའི་གདམས་པ་གནང་།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་དུས་འདིར། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་གཏོང་བའི་མཉམ་སྦྲེལ་གསལ་བསྒྲགས་ལ་མཚན་རྟགས་བཀོད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུས་ཕན་ཚུན་བརྗེ་རེས་བྱས་པའི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་ཉི་ཤུ་ལྷག་ལ་བདེན་དཔང་མཛད་ཅིང་། དེ་དག་ནང་འཛམ་གླིང་འཐབ་ཇུས་བརྟན་བརླིང་དང་རྒྱལ་སྤྱིའི་བཅའ་ཁྲིམས་དབང་གྲགས་སྲུང་སྐྱོང་། སྐྱེ་དངོས་བདེ་འཇགས། མ་འཇོག་སྲུང་སྐྱོང་། ཨང་ཀིའི་དཔལ་འབྱོར། ནད་ཡམས་བརྟག་ཞིབ། གློག་བརྙན་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་འདུས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོའི་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba