ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་4ཉིན་བཏང་བའི་བརྙན་འཕྲིན་ཆེད་དོན་བཅར་འདྲིའི་ནང་སྐབས་འདིའི་ཙུང་ཐུང་གི་ལས་འགན་འཁུར་ཡུན་མཇུག་འགྲིལ་རྗེས་མུ་མཐུད་དེ་ཙུང་ཐུང་གི་འགན་འཁུར་རྒྱུའི་བརྩོན་ལེན་མི་བྱེད་ཅེས་གསལ་པོ་བཤད་འདུག

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་སྤྱི་གཉེར་ཁང་།༼གསར་འགྱུར་ལས་རིགས་དང་གླེང་མོལ་བྱེད་པའི་༽བརྙན་འཕྲིན་ལེ་ཚན་གྱི་ཆེད་དོན་བཅར་འདྲི་ནང་ཐེ་རོན་ཕུའུ་ཡིས་ཙུང་ཐུང་གཞོན་པ་ཀྲན་མུའུ་སི་·ཝན་སི་དང་རྒྱལ་དོན་བློན་ཆེན་མའར་ཁོ·ལུའུ་པི་ཨའོ་གཉིས་ཀྱི་མིང་མཉམ་དུ་བཏོན་ནས་ཁོང་ཚོ་ནི་སྤྱི་མཐུན་ཏང་ནང་གི་རབ་ཏུ་འཚེར་བའི་སྐར་མ་གསར་པ་ཞིག་དང་འདྲ་བས་རྙིང་ཞེན་ཕྱོགས་ཁག་གི་རྒྱུན་འཛིན་ནས་ཨ་རི་སླར་ཡང་རླབས་ཆེན་དུ་གཏོང་བའི་༼MAGA༽་སྲིད་ཇུས་གྲོས་རིམ་མུ་མཐུད་དེ་མདུན་སྤེལ་བྱེད་ཐུབ་པའི་རེ་བ་ཡོད་པར་བསྟན།

ཐེ་རོན་ཕུའུ་ཡིས་བསམ་རྒྱུར། 2028ལོའི་ཙུང་ཐུང་འདེམས་བསྐོ་བྱེད་སྐབས་སྤྱི་མཐུན་ཏང་གི་རྒྱུན་འཛིན་མཁན་20ལྷག་ཙམ་ཐོན་སྲིད་ཀྱང་དེ་དག་ཁྲོད་ཝན་སི་ཙུང་ཐུང་གཞོན་པ་ཡིན་ཞིང་ལས་དོན་ལེགས་པར་བསྒྲུབས་ན་རང་བཞིན་གྱིས་དགེ་མཚན་ལྡན་པ་རེད། ད་དུང་མངོན་མེད་ཀྱི་འོས་མི་གཞན་ཞིག་ནི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་རེད། འོན་ཀྱང་ཁོས་ད་ལྟ་ནས་དེའི་སྐོར་གྲོས་བསྡུར་བྱེད་པ་ནི་སྔར་དྲགས་པར་བསྟན།

ཐེ་རོན་ཕུའུ་ཡིས་མིག་སྔར་ཁོང་གིས་2026ལོའི་རྒྱལ་ཚོགས་ཀྱི་དུས་རིམ་བར་མའི་འདེམས་བསྐོ་ལ་དེ་བས་དོ་ཁུར་བྱེད་པ་དང་འདེམས་བསྐོའི་མ་དངུལ་གྲབས་གསོག་བྱེད་པ་སོགས་ཀྱི་ལེགས་ཆར་བརྟེན་ནས་འདེམས་བསྐོའི་འཁོར་ཡུན་དེའི་ཁྲོད་ལྷག་ཏུ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པའི་རེ་བ་ཡོད་ཅེས་བཤད།
ཡིན་ནའང་། ཉེ་ཆར་ཨ་རིའི་དམངས་འདོད་བརྟག་དཔྱད་མང་པོ་ཞིག་ལས་མངོན་པ་ལྟར་ན། ཐེ་རོན་ཕུའུ་ཡི་སྲིད་གཞུང་གིས་རྒྱལ་ཁབ་མང་པོར་སྒོ་ཁྲལ་བསྡུ་བ་དང་གནས་སྤོས་ཡུལ་མི་བཙན་ཤེད་ཀྱིས་ཕྱིར་འབུད་བྱེད་པ་སོགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། དེའི་ཕྱོགས་ཀྱི་དམངས་འདོད་རྒྱབ་སྐྱོར་བྱེད་ཚད་སྲིད་འཛིན་བྱས་པའི་ཉིན་བརྒྱའི་ནང་བསྟུད་མར་ཇེ་དམའ་ལ་ཕྱིན་ཡོད་པ་རེད།
ཡོང་ཁུངས། འཛམ་གླིང་སྐབས་དོན་ཚགས་པར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba