
ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ལ་ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིན་ཅང་ཁུ་ཙི་ལི་སུའུ་ཁུ་ཨེར་ཁུ་ཙི་རང་སྐྱོང་ཁུལ་གྱི་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧྭ་ལ་ཅིན་ཞང་གི་ཞེ་དབྱི་ཐི་སློབ་ཆུང་གི་མཐའ་མཚམས་སློབ་གསོ་རོགས་སྐྱོར་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད་རེ་བ་ཆེན་པོ་བཏོན་ཡོད།
ཞི་ཅིན་ཕིང་གི་འཕྲིན་ལན་ནང་དུ། ཁྱེད་ཚོས་ཏང་གི་བཀའ་ལ་ཉན་ནས་ནུབ་རྒྱུད་མཐའ་མཚམས་ས་ཁུལ་དུ་སློབ་གསོ་གཉེར་བ་དང་། ས་གནས་དེ་གའི་སློབ་གསོའི་བྱ་གཞག་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་བརླིང་སྲུང་སྐྱོང་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། རང་ཉིད་ལའང་སྦྱོང་བརྡར་ཐོབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ལོ་འདི་དག་གི་རིང་ལ་ན་གཞོན་སྔར་ལས་མང་པོ་ནུབ་རྒྱུད་ས་ཁུལ་དང་གྲོང་གསེབ། གཞི་རིམ་དུ་སོང་ནས་དང་བླངས་ཞབས་ཞུ་སྒྲུབ་ཅིང་། སྒེར་སེམས་མེད་པར་རང་གི་ནུས་པ་ཡོད་ཚད་བཏོན་ནས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་དཀའ་སྤྱད་ཡར་བརྩོན་གྱི་སྙིང་སྟོབས་དང་རྒྱལ་ཁབ་སྟོབས་ལྡན་ཡོང་བར་རང་གི་ནུས་པ་འདོན་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད། ན་གཞོན་རྣམས་ཀྱིས་ཕུགས་བསམ་གྱི་འདུ་ཤེས་ཇེ་དྲག་དང་། རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་བཅངས་པ། རང་གི་ནུས་པ་ཇེ་དྲག་གཏོང་བ། འབད་འབུངས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ས་རུ་རང་ནུས་འདོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་ན་གཞོན་གྱི་སྟོབས་ཤུགས་འབུལ་བའི་རེ་བ་ཡོད་ཅེས་ནན་གསུང་གནང་།
ཞེ་དབྱི་ཐེ་སློབ་ཆུང་ནི་མཐའ་མཚམས་དང་སྤྱི་ལེ་ཞེ་བདུན་ཡོད་པ་དང་། གཙོ་བོར་ཁེ་ཨེར་ཁེ་ཙི་རིགས་ཀྱི་སློབ་མ་ལས་གྲུབ་པའི་གྲོང་ཚོ་རིམ་པའི་སློབ་ཆུང་ཞིག་རེད། དེ་ནི་༢༠༢༢ལོའི་ཟླ་བ་བརྒྱད་པར་ཁེ་ཀྲོའུ་ཡི་ནུབ་རྒྱུད་འཆར་གཞི་དང་བླངས་པས་སློབ་སྐྱོར་བྱེད་སའི་ཚོད་ལྟའི་སློབ་གྲྭ་དང་པོར་གྱུར་ཡོད། ཉེ་ཆར། ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་མཚམས་སློབ་སྐྱོར་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུའི་རུ་ཁག་གི་རུ་མིས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་བསྐུར་ནས། མཐའ་མཚམས་སློབ་སྐྱོར་གྱི་གནས་ཚུལ་དང་མྱོང་ཚོར་སྙན་ཞུ་ཕུལ་བ་དང་། ནུབ་རྒྱུད་དུ་རྐང་ཚུགས་པ་དང་། མཐའ་མཚམས་སུ་ཞབས་ཞུ་སྒྲུབ་པའི་ཆོད་སེམས་མཚོན་པར་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba