ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་4པའི་ཚེས་25ཉིན་ཚོགས་འདུ་སྐོང་འཚོགས་བྱས་ཏེ། མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ཐད་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག འདི་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྡུད་ངང་འགག་སྒྲོལ་བྱས་པ་དང་། སྤྱི་ཁོག་སྲིད་ཇུས་ཁག་གིས་མཐུན་སྦྱོར་ངང་ནུས་ཤུགས་བཏོན་པས། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པ་དང་། སྤྱི་ཚོགས་ཀྱི་ཡིད་ཆེས་མུ་མཐུད་དུ་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་ལེགས་སུ་འགྲོ་བའི་རྨང་གཞི་ད་དུང་སྔར་བས་བརྟན་པོ་ཡོང་བར་བྱེད་དགོས་པ་དང་། ཕྱི་ཕྱོགས་ཕོག་ཐུག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད། མཐའ་ཚད་བསམ་གཞིགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྔོན་ཇུས་གྲ་སྒྲིག་གང་ལེགས་བྱས་ནས། དཔལ་འབྱོར་ལས་དོན་ཏན་ཏིག་ངང་ལེགས་པོ་སྒྲུབ་དགོས་པའི་ངོས་འཛིན་བྱས་ཡོད།
ཚོགས་འདུའི་ཐོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཁྱོན་ཡོངས་ནས་ལག་ལེན་བསྟར་ནས། གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ་དང་། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འཐབ་རྩོད་ལ་གཅིག་གྱུར་འཆར་འགོད་བྱས་ཐོག བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། སྤུས་མཐོའི་གོང་འཕེལ་གྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་ཛ་དྲག་ངང་འགྱུར་ལྡོག་འགྲོ་བའི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག སྔར་ལས་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་གང་མགྱོགས་བསྟར་ཏེ། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་ཅུང་གུ་ཡངས་པའི་དངུལ་ལོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་སོགས་འགྲེམས་སྤེལ་དང་བེད་སྤྱོད་བྱ་རྒྱུ་མགྱོགས་སུ་གཏོང་དགོས། གཞི་རིམ་གྱི“ཁག་ཐེག་གསུམ”གྱི་མཐའ་ཐིག་བརྟན་པོ་ཡོང་བ་བྱ་དགོས། དུས་ཐོག་ཏུ་དམིགས་ཚད་དང་སྐྱེད་ཀ་དམའ་རུ་བཏང་ནས། འཁོར་རྒྱུག་རང་བཞིན་འདང་ངེས་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲུབ་གཞིའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ཡོ་བྱད་གསར་པ་གསར་གཏོད་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་པ་འཛུགས་པ། ཚན་རྩལ་གསར་གཏོད་དང་། འཛད་སྤྱོད་རྒྱ་སྐྱེད། ཕྱི་ཕྱོགས་ཉོ་ཚོང་བརྟན་ལྷིང་སོགས་ལ་རྒྱབ་སྐྱོར་བྱ་དགོས། སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཤུགས་ཆེར་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་ཡོང་འབབ་མཐོ་རུ་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་གོང་འཕེལ་ཤུགས་ཆེར་གཏོང་བ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་ནུས་ཆེ་རུ་གཏོང་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་གང་མགྱོགས་གཙང་སེལ་བྱས་ཏེ། ཞབས་ཞུའི་འཛད་སྤྱོད་དང་རྒན་གསོར་ཡང་བསྐྱར་དངུལ་བུན་གཏོང་རྒྱུ་འཛུགས་པ། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་གཉིས་སྲིད་ཇུས་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་། གཙོ་གནད་གཉིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག བྱ་ཐབས་མང་པོ་མཉམ་དུ་བཟུང་ནས་དཀའ་ངལ་ཡོད་པའི་ཁེ་ལས་ལ་རོགས་སྐྱོར་བྱ་དགོས། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་མགྱོགས་སུ་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་སྟོབས་ཆེར་བཏང་ནས། གསར་དར་ཀ་རྟེན་ཐོན་ལས་ཁག་གཅིག་གཏོད་དགོས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་མུ་མཐུད་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བུན་འཛིན་ཁྲོམ་རའི་ཚན་རྩལ་ངོས་ལེབ་གསར་གཏོད་སྒོས་ཕྱིར་འདོན་པ། མི་ཐབས་རིག་ནུས+བྱ་སྤྱོད་གང་མགྱོགས་ལག་ལེན་བསྟར་དགོས། གཙོ་གནད་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚད་གཞིའི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས་འགྲན་རྩོད་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་སྤྱད་དེ་གོང་འཕེལ་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་མགྱོགས་སུ་བཏང་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཏན་ཏིག་ངང་སྤེལ་དགོས། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་ཚོད་ལྟའི་སྲིད་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཕྱི་རུ་བསྐྱོད་པའི་ཞབས་འདེགས་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་ཕྱོགས་རྐྱང་པའི་བཙན་ཤེད་བྱེད་སྤྱོད་ལ་ངོ་རྒོལ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་སྲིད་ཇུས་རབ་དང་རིམ་པ་མུ་མཐུད་དུ་ལག་བསྟར་བྱས་ཏེ། ས་གནས་སྲིད་གཞུང་གིས་ཁེ་ལས་ཀྱི་རྩིས་དངུལ་ཆད་འགྱངས་བྱས་པའི་གནད་དོན་ཐག་གཅོད་གང་མགྱོགས་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཉེན་ཡོད་སྡོད་ཁང་རྙིང་པ་བསྒྱུར་བཀོད་བྱ་རྒྱུར་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་གོང་འཕེལ་གཏོང་སྟངས་གསར་པ་མགྱོགས་མྱུར་འཛུགས་པ་དང་། སྤུས་ཚད་མཐོ་བའི་སྡོད་ཁང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། གསོག་འཇོག་ཚོང་ཟོག་ཉོ་སྒྲུབ་སྲིད་ཇུས་ལེགས་སུ་གཏོང་བ་བཅས་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་རའི་བརྟན་ལྷིང་རྣམ་པ་མུ་མཐུད་སྲ་བརྟན་དུ་གཏོང་དགོས། མ་རྩའི་ཁྲོམ་ར་རྒྱུན་མཐུད་བརྟན་ལྷིང་དང་འཁྲུག་ཏུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག དམངས་འཚོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒོ་ཁྲལ་གྱི་ཤུགས་རྐྱེན་ཐེབས་ཚད་ཅུང་ཆེ་བའི་ཁེ་ལས་ལ་ལས་ཤོར་འགན་བཅོལ་ཐེབས་རྩའི་ལས་གནས་བརྟན་གཏོང་ཕྱིར་སློག་བསྡུར་ཚད་མཐོ་རུ་གཏོང་དགོས། རིམ་པ་དང་རིགས་སྣ་དབྱེ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་སྟེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་བརྟན་པོ་ཡོང་བ་བྱ་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་དགོས། ཐོན་སྐྱེད་བདེ་འཇགས་དང་གནོད་འགོག་གནོད་སེལ་སོགས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གཏན་ལ་འཁེལ་བའི་སྲིད་ཇུས་སྔ་ཙམ་བཏོན་ནས་ཕན་འབྲས་སྔ་ཙམ་ཐོན་པར་བྱེད་པ། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་འཕར་ཚད་གསོག་འཇོག་སྲིད་ཇུས་དུས་ཐོག་ཏུ་འདོན་པ། རྒྱུན་སྲོལ་ལས་བརྒལ་ཞིང་འཁོར་ཡུན་ལྡོག་པའི་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་གི་གཞི་རྩའི་ངོས་རིམ་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག ཏང་གིས་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཏང་ཡོན་ལས་བྱེད་པས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྤུས་མཐོའི་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འཕྲིན་སྟེགས། weikangba