ས་གནས་དེ་གའི་དུས་ཚོད་ཚེས་ཉེར་གསུམ་ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཨ་རིའི་ཉིའུ་ཡུའེ་ཀྲོའུ་དང་ཡ་ལི་སང་ནཱ་ཀྲོའུ། ཁོ་ལོ་ལ་ཏོ་ཀྲོའུ། ཁང་ཉེ་ཏིས་ཀོ་ཀྲོའུ། ཐེ་ལ་ཧྭ་ཀྲོའུ། དབྱིས་ལི་ནོ་དབྱིས་ཀྲོའུ། མེན་དབྱིན་ཀྲོའུ། མིང་ཉི་སུའུ་དཱ་ཀྲོའུ། མོ་ཞི་ཁོ་གསར་པ་ཀྲོའུ། ཨུ་ལེ་ཀང་ཀྲོའུ་དང་དེ་མིན་ཧྥུའུ་མོན་ཐེ་ཀྲོའུ་བཅས་ཀྲོའུ་བཅུ་གཅིག་གིས་ཨ་རིའི་རྒྱལ་སྤྱིའི་ཉོ་ཚོང་ཁྲིམས་ཁང་ནས་གཏུག་བཤེར་བྱས་ནས། ཐེ་རོན་ཕུའུ་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་པར་བཀག་འགོག་བྱ་རྩིས་བྱས་པ་མ་ཟད་ཁྲིམས་ཁང་གིས་ཐེ་རོན་ཕུའུ་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་གསར་པ་དེ་ཁྲིམས་འགལ་ཡིན་པ་ཁྱབ་བསྒྲགས་བྱ་རྒྱུའི་རེ་བ་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། ཉིའུ་ཡུའེ་ཀྲོའུ་ཡི་སྤྱི་ཁྱབ་ཞིབ་དཔྱོད་འགོ་འཛིན་ལི་ཏི་ཤི་ཡ་ཀྲན་མུའུ་སི་ཡིས་ཞུ་གཏུག་སྐོར་གྱི་གསལ་བསྒྲགས་ཤིག་གི་ནང་། ཙུང་ཐུང་གིས་གང་མོས་ཁྲལ་སྤར་བའི་དབང་ཆ་མེད། ཡིན་ནའང་ཐེ་རོན་ཕུའུ་ཡིས་སྒོ་ཁྲལ་སྲིད་ཇུས་ཀྱི་གནད་དོན་ཐད་དེ་ལྟར་ལས་ཡོད་ཟེར། ཞུ་གཏུག་དེའི་ནང་། ཐེ་རོན་ཕུའུ་ཡིས་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་སྐབས་ལུང་དྲངས་པའི་རྒྱལ་སྤྱིའི་ཛ་དྲག་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས་གཞིར་བཟུང་ན། ཨ་རིའི་ཙུང་ཐུང་གིས་གང་མོས་སྒོ་ཁྲལ་བསྡུ་ལེན་བྱེད་པའི་དབང་ཆ་མེད་ཅེས་བཤད།
དེ་སྔོན། ས་གནས་དེ་གའི་དུས་ཚོད་ཚེས་བཅུ་དྲུག་ཉིན་ཨ་རིའི་ཁ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་འགོ་འཛིན་ཅ་ཝུན་ཉིའུ་སེན་གྱིས་སྒོ་ཁྲལ་གནད་དོན་ལ་དམིགས་ནས་ཐེ་རོན་ཕུའུ་སྲིད་གཞུང་ལ་ཞུ་གཏུག་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཐེ་རོན་ཕུའུ་སྲིད་གཞུང་གིས་གང་མོས་ཀྱིས་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་པའི་བྱ་སྤྱོད་ནི་ཁྲིམས་འགལ་རེད་ཅེས་སྐྱོན་བརྗོད་བྱས། འདི་ནི་ཨ་རིའི་ཐེ་རོན་ཕུའུ་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་ལ་འགྲན་སློང་བྱས་པའི་ཀྲོའུ་ཡི་སྲིད་གཞུང་ཐོག་མ་དེ་རེད། ཁ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་འགོ་འཛིན་གྱི་གཞུང་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། གཏུག་བཤེར་དེ་ནི་ཁ་ལི་ཧྥུའུ་ཉི་ཡ་བྱང་ཁུལ་གྱི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་ལ་གཏུག་པ་ཡིན་ལ། ཁྲིམས་ཁང་གིས་ཐེ་རོན་ཕུའུ་སྲིད་གཞུང་གིས་བསྡུ་ལེན་བྱས་པའི་སྒོ་ཁྲལ་ནུས་མེད་ཡིན་པ་ཁྱབ་བསྒྲགས་དང་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་པར་བཀག་འགོག་བྱེད་པའི་རེ་བ་ཞུས།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba