ཟླ་བ་བཞི་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁེ་ཉི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མགྲིན་གཅིག་ཏུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ཀྲུང་གོ་དང་ཁེ་ཉི་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པར་མཐོར་འདེགས་གཏོང་བའི་མོས་མཐུན་བྱུང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་རེ་གཉིས་རིང་། ཀྲུང་གོ་དང་ཁེ་ཉི་ཡའི་ཕྱོགས་གཉིས་ཀྱི་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་གི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་དང་དར་སྐུད་ཚོང་ལམ་གྱི་སྙིང་སྟོབས་རྒྱུད་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཐེམ་སྐས་གསར་པ་སྤར་ཡོད། ཀྲུང་གོ་དང་ཁེ་ཉི་ཡའི་འབྲེལ་བ་དུས་རབས་གསར་པའི་ཀྲུང་གོ་དང་ཁེ་ཉི་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པར་མཐོར་འདེགས་གཏོང་བ་དེ་ཕྱོགས་གཉིས་ཀྱི་འཐབ་ཇུས་གདམ་ག་ཡིན་པས། ཀྲུང་གོས་ཁེ་ཉི་ཡ་དང་མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས། དུས་རབས་གསར་པའི་ཉིན་ཧྲིལ་པོའི་ཀྲུང་གོ་དང་ཧྥེ་གླིང་བར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་གི་མིག་དཔེ་བསྐྲུན་པ་དང་། ཀྲུང་གོ་དང་ཧྥེ་གླིང་བར་གྱི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྣེ་ཁྲིད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་མཉམ་རྒྱལ། འཛམ་གླིང་ཧྲིལ་པོ་འཕྱ་བ་གྲུ་འདེགས་བྱེད་པའི་ལམ་ཆེན་བདེ་མོ་ཞིག་བསྐྲུནདགོས། ཀྲུང་གོ་དང་ཁེ་ཉི་ཡ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་གྱི་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སོགས་ལ་རྒྱབ་སྐྱོར་དང་། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕན་ཚུན་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཟབ་སྤེལ་བྱས་ཏེ། དེང་རབས་ཅན་གྱི་ལམ་བུའི་ཐོག་མཉམ་སྐྱོད་པ་དང་གྲོགས་པོ་ངོ་མ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མིང་བྱང་གལ་ཆེན་ཡིན་བས། རྒྱུན་རྣམ་ཅན་གྱི་སྲིད་ཇུས་ཁ་བརྡ་དང་ཆུ་ཚད་མཐོ་བའི་མཉམ་མཐུད་མཉམ་སྦྲེལ་ལ་སྐུལ་འདེད་བཏང་ནས། རྒྱུན་མཐུད་ཉོ་ཚོང་ཤར་གཏོང་ལ་སྐུལ་འདེད་དང་སྣ་མང་ཅན་གྱི་མ་དངུལ་མཉམ་སྡུད་ཀྱི་འཚོལ་ཞིབ་བགྲོ་གླེང་བྱས་ཏེ། མི་རབས་ནས་མི་རབས་བར་གྱི་དམངས་སེམས་མཛའ་མཐུན་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས།
ཀྲུང་གོའི་གཞི་ཁྱོན་ཆེན་མོའི་ཚོང་རས་དུས་ནམ་ཡང་ཁེ་ཉི་ཡའི་སྤུས་ལེགས་ཐོན་རྫས་ནང་འདྲེན་ཐད་སྒོ་ཆེན་ཕྱེས་ཡོད་པར་མ་ཟད། ཀྲུང་གོས་ནུས་པ་ལྡན་པའི་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཁེ་ཉི་ཡར་དངུལ་གཏོང་ལས་དར་བྱེད་པར་སྐུལ་སློང་བྱེད་བཞིན་ཡོད། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་མི་ཡིན་པའི་ཆ་ནས་ཀྲུང་གོ་དང་ཁེ་ཉི་ཡ་རྒྱལ་ཁབ་གཉིས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་རྦད་དེ་སྲུང་སྐྱོང་བྱེད་པ་དང་། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་དང་། སྣ་མང་རིང་ལུགས་ལག་བསྟར། འདྲ་མཉམ་དང་གོ་རིམ་ཡོད་པའི་འཛམ་གླིང་སྣ་མང་ཅན་དང་ཡོངས་ཕན་གུ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་འཛུགས་སྐྱོང་བྱས་ནས། འཛམ་གླིང་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་སྟོང་ལྡན་པའི་མ་འོངས་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་ཆེ་རུང་ཀྲུང་གོས་ཧྥེ་གླིང་ལ་བཅངས་པའི་ལྷག་བསམ་ལ་འགྱུར་བ་ཡོད་མི་སྲིད། ཀྲུང་གོ་དང་ཧྥེ་གླིང་གིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་བྱས་པའི་ཐོག་མའི་དམ་བཅའ་འགྱུར་མི་སྲིད། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གཉིས་ཁེ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དམིགས་འབེན་ཡང་འགྱུར་མི་སྲིད། ཀྲུང་གོ་ནི་ཁ་དན་ཚིག་ལ་གནས་ཤིང་བྱ་སྤྱོད་དོན་ལ་བབས་ནས། ཁེ་ཉི་ཡ་དང་བཅས་པའི་ཧྥེ་གླིང་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་ལེན་ཆེན་པོ་ཐུབ་པར་མ་ཟད། ཧྥེ་གླིང་མི་དམངས་ལ་སྔར་ལས་ཕན་འདོགས་པ་དང་། མུ་མཐུད་དེ་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་འབྲེལ་རང་སྟོབས་དང་མཐུན་སྒྲིལ་རོགས་རེས་ཀྱི་དུས་རབས་ཀྱི་དུང་སྒྲ་བཀྲོལ་ནས། སྤུས་ཚད་མཐོན་པོས་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་ཀྱིས་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། སྒོ་ཁྲལ་སྤར་བ་དང་ཉོ་ཚོང་ཟིང་འཁྲུག་ལ་ཕམ་ཁ་ལས་རྒྱལ་ཁ་མེད་ལ། ཀྲུང་གོས་གཞན་ལ་བཙན་པོ་མི་བརྐོ་ལ་སུ་ལའང་སྐྲག་མཁན་ཞིག་མིན་པས། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་བྱས་ནས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་།རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་བདེན་དྲང་གཞག་སྲུང་སྐྱོང་བྱེད་འདོད་ཅེས་ནན་གྱིས་གསུངས།
ལུའུ་ཐོ་ཡིས་ཁེ་ཉི་ཡ་དང་ཀྲུང་གོས་བརྩེ་བ་ལྷད་མེད་དང་གཉིས་ཁེ་མཉམ་རྒྱལ་རྒྱུན་འཁྱོངས་བ་དང་། རྒྱལ་ཁབ་གཉིས་ཀའི་བར་གྱི་མཉམ་ལས་ལ་ཐུན་མོང་གི་འདོད་པ་ཡོད། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན། ཁེ་ཉི་ཡ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ནང་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་རྒྱུན་འཁྱོངས། ཁེ་ཉི་ཡས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཁེ་ཉི་ཡའི་རྨང་གཞི་སྒྲིག་ཆས་ཆུ་ཚད་ཇེ་དྲག་གཏོང་བ་དང་། རང་བྱུང་གནོད་སྐྱོན་ལ་ཁ་གཏད་འཇལ་བར་རོགས་རམ་ཚད་མེད་བྱས་དང་བྱེད་པར་བཀའ་དྲིན་ཞུས། མོང་པ་ས་ནས་ནའེ་ལུའོ་པའི་བར་གྱི་ལྕགས་ལམ་སོགས་རྒྱུད་གཅིག་ལམ་གཅིག་ལས་གཞི་ཡིས་ཁེ་ཉི་ཡ་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་ཡོད། ཁེ་ཉི་ཡ་ཡིས་ཀྲུང་གོ་དང་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་དང་ཕྱོགས་ཡོངས་འབྲེལ་མཐུད། ཉོ་ཚོང་དང་དངུལ་གཏོང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཚན་རྩལ་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཇེ་དྲག་གཏོང་བ། སློབ་གསོ་དང་རིག་གནས། ཡུལ་སྐོར་སྤེལ་རེས་ཇེ་དྲག་གཏོང་བ། རང་རང་གི་དེང་རབས་ཅན་གྱི་བརྒྱུད་རིམ་ལག་བསྟར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མ་འོངས་སྔ་ལས་འབྲེལ་བ་དམ་པོ་བྱེད་འདོད་ཡོད། ཀྲུང་གོ་དང་ཧྥེ་གླིང་བར་མཉམ་ལས་བྱས་ནས་ཧྥེ་གླིང་ཞི་བས་འཕེལ་རྒྱས་གཏོང་བར་ཕན་པ་ཆེ། ཁེ་ཉི་ཡ་ཡིས་ཀྲུང་གོ་དང་མཐུན་སྦྱོར་རམ་འདེགས་ཇེ་དྲག་གཏོང་བ། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་ཡག་མོ་བྱེད་འདོད་ཡོད། ཉོ་ཚོང་འཁྲུག་རྩོད་ཀྱིས་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྒྲིག་སྲོལ་ལ་གཏོར་བརླག་གཏོང་བཞིན་ཡོད་ལ། ཁེ་ཉི་ཡ་ཡིས་ཀྲུང་གོས་དེང་སང་རྙོག་དྲ་ཆེ་བའི་གནས་བབ་ཁྲོད་བརྟན་རླིང་ནུས་པ་འདོན་པ་དང་། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་བསྟོད་བསྔགས་ཡོད། ཁེ་ཉི་ཡ་ཡིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ལག་བསྟར་བྱེད་འདོད་ཡོད་ཅེས་གསུངས།
གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཚན་རྩལ་རྩེ་གྲས་དང་གསར་པ། མི་ཆོས་རིག་གནས་སྤེལ་རེས། དཔལ་འབྱོར་ཉོ་ཚོང་། གསར་འགྱུར་འཕྲིན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཉི་ཤུའི་ཐོག་མིང་འགོད་པར་བདེན་དཔང་མཛད་ཅིང་། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་ཀྲུང་གོ་དང་ཧྥེ་གླིང་བར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་དཔེ་སྟོན་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
གྲོས་མོལ་མ་གནང་སྔོན་དུ་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱིའི་ཐང་ཆེན་དུ་ལུའུ་ཐོ་དང་ལྕམ་མོ་ལེ་ཆེ་ཨེར་རྣམ་གཉིས་ལ་དགའ་བསུ་མཛད་སྒོ་སྤེལ་ཏེ། ལུའུ་ཐོ་འབྱོར་དུས་གུས་དམག་རུ་སྟར་གྱིས་དམག་གུས་ཞུས་ཤིང་། ཞི་ཅིན་ཕིང་ལུའུ་ཐོ་དང་མཉམ་དུ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ཏེ། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཁེ་ཉི་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས་མ་ཉེར་གཅིག་འཕངས། ལུའུ་ཐོས་ཞི་ཅིན་ཕིང་གི་ཕེབས་རོགས་འོག ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད། ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་གྱི་ཚོམས་ཆེན་ནས་ལུའུ་ཐོ་སྐུ་ལྕམ་གཉིས་ལ་དགའ་བསུ་གསོལ་སྟོན་བཤམས། ཝང་དབྱི་གོང་དུ་བྱེད་སྒོའི་ནང་ཞུགས།
འཕྲིན་སྟེགས། weikangba