ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལེའུ་གསར་པ་འབད་པས་རྩོམ་བཞིན་ཡོད་པ།

2025-04-23
288

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་གནས་བབ་ཧྲིལ་པོའི་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་པས། ཏང་ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། སྲུང་སྐྱོང་ཆེན་པོ་དང་། སྒོ་འབྱེད་ཆེན་པོ། སྤུས་མཐོའི་གོང་འཕེལ་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

  མིག་སྔར། ནུབ་རྒྱུད་ས་ཁུལ་གྱིས་འཐབ་ཇུས་ཀྱི་གནས་ཚད་ཁོང་དུ་ཆུད་པར་བྱེད་པ་དང་ཐོན་ཁུངས་ཀྱི་ནུས་པར་གཞི་ཚུགས་ཐོག གཙོ་གནད་དམ་འཛིན་དང་ཞན་ཆ་གསབ་པ། ཉམས་ཞན་ལེགས་འགྱུར་བཅས་བྱས་ཏེ། ས་ཁོངས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།

  ཁྱད་ནུས་གཞི་རྡུལ་དུང་ཕྱུར་ཁ་ཤས་དང་རྙོག་འཛིང་ཆེ་བའི་འཇའ་སྒྲིག་ཚོན་འབྱུག་ལག་རྩལ་སྤྱད་པ་སོགས་གློག་བརྙན《ནེ་ཀྲ་2》སྒྲིག་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད། ཁྱད་ནུས་པར་རིས་40%ལྷག་ཙམ་ལ་ཀུའེ་ཀྲོའུ་ཀུའེ་ཨན་རིམ་འདས་རྩིས་རྒྱག་ལྟེ་གནས་ཀྱིས་ཚོན་འབྱུག་རྩིས་ཤུགས་འགན་ལེན་བྱས་ཡོད། རྩིས་ཤུགས་དང་གྲངས་གཞི། བཀོལ་སྤྱོད། ཐོན་ལས་བཅས་མཉམ་འགུལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཆ་92.5%རི་ཚོགས་ཡིན་པའི་ནུབ་རྒྱུད་ཞིང་ཆེན་ཀུའེ་ཀྲོའུ་དེ་ཉིད་གྲངས་འཛིན་དཔལ་འབྱོར་གྱི་རྩེ་མོར་སླེབས་ཐུབ་པ་བྱུང་ཡོད། ཀུའེ་ཀྲོའུ་ཀུའེ་ཨན་ཁུལ་གསར་ཚན་རྩལ་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་རྩལ་ཞིབ་འཇུག་གསར་སྤེལ་པུའུ་ཡི་པུའུ་ཀྲང་ལིའུ་ཐིང་ཅོན་གྱིས། རྩིས་ཤུགས་ཞབས་ཞུ་སྣ་མང་ཅན་དུ་འགྱུར་བར་དམིགས་ནས། ལག་རྩལ་གསར་གཏོད་དང་རིམ་སྤོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རིམ་འདས་རྩིས་རྒྱག་ལྟེ་གནས་ཀྱི་རྩིས་ཤུགས་ཆུ་ཚད་མཐོ་རུ་བཏང་ནས། ནུས་རྒྱུ་གསར་པ་དང་དངུལ་རྩ་སོགས་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱ་རྒྱུ་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུ་ཡིན། རྩིས་ཤུགས་ཀྱི་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཀུའེ་ཀྲོའུ་དེ་ཉིད་རྒྱལ་ཡོངས་ཀྱི་རྩིས་ཤུགས་མཐོ་སར་མགྱོགས་མྱུར་སླེབས་རྒྱུར་རམས་དེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

  གསར་གཏོད་ཀྱི་འགག་རྩ་འདི་དམ་པོར་འཛིན་ཆེད། ནུབ་རྒྱུད་ས་ཁུལ་གྱིས་ཁྱད་ལྡན་བཟང་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བརྩིས་ནས། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་དང་སྒུལ་ནུས་གསར་པ་རྨང་བསགས་སྟོབས་འཕེལ་བྱེད་བཞིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ལེགས་པ་དང་ཚན་སློབ་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྲུང་ཆིང་གིས་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་ཐོན་གསར་བའི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས། སྔོན་ཐོན་རྒྱུ་ཆ་སོགས་ཀྱི་འགྲན་ལམ་ལ་དམིགས་ནས། “ཐོན་ལས་ཀླད་པ+འབྱུང་འགྱུར་བཟོ་གྲྭ”ཡི་རྣམ་པ་གསར་པ་མགྱོགས་མྱུར་སྐྲུན་བཞིན་ཡོད། ཁྲུང་ཆིང་གཙང་གཉིས་ཁུལ་གསར་དཔལ་འབྱོར་འཁོར་རྒྱུག་ཅུས་ཀྱི་ཅུས་ཀྲང་ཧྥན་ཡུས་གྱིས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། “ཞིབ་འཇུག་ཁང་+ཚན་རྩལ་གསར་གཏོད་གླིང”གི་རྣམ་པར་བརྟེན་ནས་གྲུབ་འབྲས་བརྗེ་སྒྱུར་བྱ་རྒྱུ་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་ཞིབ་དབྱེར་གཞིགས་ནས་ཐོན་ལས་གསར་གཏོད་ཀྱི་ཕྱོགས་བསྡུས་མ་ལག་བསྐྲུན་པ་བཅས་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་འགག་གཏོར་བྱེད་ས་གསར་པ་འབད་པས་ཐོབ་པར་བྱེད་པ་དང་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆགས་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

  ནུབ་རྒྱུད་ས་ཁུལ་ནི་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡུལ་གལ་ཆེན་ཞིག་ཡིན། “འབྱུང་ཁམས་སྲུང་སྐྱོང་ཆེན་པོ”ནི་ནུབ་རྒྱུད་ས་ཁུལ་གྱི་འཐབ་ཇུས་ཀྱི་གནས་ཚད་ཁ་གསལ་ཞིག་ཡིན། ཉིང་ཞ་དབྱིན་ཁྲོན་ཡུང་ཉིང་རྫོང་མེན་ཉིང་གྲོང་རྡལ་གྱིས་རྨ་ཆུའི་ཆུ་འདྲེན་དང་། རྩྭ་འདེབས་བྱེ་འཇགས། ས་རྒྱུ་ལེགས་བཅོས། ཤིང་འཛུགས་ལྗང་བཟོ་བཅས་བྱས་པ་བརྒྱུད། དེ་སྔའི་མྱ་ངམ་ཐང་དེ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་1.2ལས་བརྒལ་བའི་ཁྱིམ་གཞིས་གསར་པར་བསྒྱུར་ཡོད། མེན་ཉིང་གྲོང་རྡལ་གྱི་འགོ་འཛིན་གཞོན་པ་ཏུང་ལི་ཧྭ་ཡིས། ང་ཚོས་ད་དུང་འབྱུང་ཁམས་ལ་སྔོན་ལ་བསམ་བློ་གཏོང་བ་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཐོག་བསྐྱོད་ཐོག གྲོང་གསེབ་ཀྱི་འབྱུང་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་ཆབས་ཅིག ནུབ་རྒྱུད་ས་ཁུལ་གྱིས་བཟོ་ལས་སྤུས་མཐོའི་གོང་འཕེལ་གྱི“འབྱུང་འཕྲོད་སྤུས་ཚད”དང“འབྱུང་འཕྲོད་སྒུལ་ནུས”ཀྱང་ཟམ་མི་ཆད་པར་གསོག་འཇོག་བྱེད་བཞིན་ཡོད། མིག་སྔར། སི་ཁྲོན་གྱི་གློག་འདོན་གཞི་ཁྱོན་ཆེ་ཤོས་ཡིན་པའི་འཛུགས་སྐྲུན་བྱེད་བཞིན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཏེ་བྲག་ལ་རི་བོའི་འོད་ཧྥུའི་གློག་ཁང་གིས་གློག་ལམ་མཉམ་སྦྲེལ་གྱིས་གློག་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། སི་ཁྲོན་ཞིང་ཆེན་ནུས་རྒྱུ་ཅུས་ནུས་རྒྱུ་གསར་པ་དང་སླར་སྐྱེས་ནུས་རྒྱུ་ཁྲུའུ་ཡི་ཁྲུའུ་ཀྲང་ཧོ་མའོ་རུང་གིས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལག་རྩལ་གསར་གཏོད་བྱས་པ་བརྒྱུད། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་དང་རླུང་། འོད། ཆིང་། རང་བྱུང་རླངས་སོགས་ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་ཀྱིས་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་སྟེ། གཙང་གསུམ་ཆུ་གློག་རྟེན་གཞི་དེ་གཙང་གསུམ་དྭངས་གཙང་ནུས་རྒྱུའི་བར་ཁྱམས་སུ་རིམ་སྒྱུར་ཧུར་ཐག་བྱས་ནས“འབྱུང་འཕྲོད་སྒུལ་ཤུགས”གཏོད་བཞིན་ཡོད་ཅེས་བརྗོད་ཡོད།

  སྒོ་དབྱེར་བརྟེན་ནས་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་ས་རྒྱ་ཆེ་ཞིང་གོང་འཕེལ་གྱི་ཆུ་ཚད་མི་འདྲ་བའི་ནུབ་རྒྱུད་ས་ཁུལ་གྱི་ཐུན་མོང་རེ་འདུན་ཡིན། ད་ལོ་ནས་བཟུང་། ཀོང་ཞི་ཡི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལྕགས་ལམ་བརྒྱུད་ནས་སྐྱེལ་འདྲེན་བྱེད་པའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཚེས་21ཉིན་གྱི་སྔ་དྲོ། འདུས་ཚད་འབྲིང་བའི་ཚི་སྣའི་པང་ལེབ་བྱུར་བུར་བླུགས་པའི་མེ་འཁོར་ལན་གྲངས་24507ཕིང་ཞང་འབབ་ཚུགས་ནས་ཐོན་ཏེ་ཝེ་ཐེ་ནམ་གྱི་ཐུང་ཏེང་འབབ་ཚུགས་ཕྱོགས་སུ་བསྐྱོད་ཡོད། ཕིང་ཞང་ལྕགས་ལམ་འགག་སྒོ་བརྒྱུད་སྐབས། ཀྲུང་གོའི་ཚོང་ཟོག་སྣ་ཁ་2000ལྷག་ཝེ་ཐེ་ནམ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་དག་ལ་སྐྱེལ་འདྲེན་བྱས་ཡོད། ཕིང་ཞང་འགག་སྒོ་ལྟ་སྐུལ་དོ་དམ་ཁོའོ་དང་པོའི་འགོ་འཛིན་གཞོན་པ་ཝང་ཡའོ་ཡིས། ལྕགས་ལམ་མྱུར་སྐྱེལ་དང་མངགས་ཐོ་ཟླ་སྒྲིལ་སོགས་ཀྱི་བསྒྱུར་བཅོས་བྱེད་ཐབས་ཁྱབ་གདལ་གཏོང་བ་བརྒྱུད། ཁེ་ལས་ཀྱི་གཉེར་སྐྱོར་མ་གནས་གྲོན་ཆུང་བྱེད་པར་རོགས་རམ་བྱེད་བཞིན་ཡོད། “ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མེ་འཁོར་ལན་གྲངས+ལྕགས་ལམ་དང་གཞུང་ལམ་མཉམ་འདྲེན+ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར”བཅས་ཀྱི་མཉམ་འབྲེལ་སྐྱེལ་འདྲེན་བྱེད་ཐབས་ཀྱིས་མངའ་ཁོངས་སྒྲོལ་བའི་དངོས་ཟོག་ལ་ལྟ་སྐུལ་དོ་དམ་བྱས་ཏེ། ཁེ་ལས་ལ་ལམ་རྒྱུད་དུས་ཚོད་གྲོན་ཆུང་བྱེད་རོགས་བྱས་ཡོད་ཅེས་བརྗོད་ཡོད།

  ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། འགྲམ་རྒྱུད་ས་ཁུལ་སྒོ་དབྱེ་གསར་འབྱེད་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱིས་ཕྱི་ནང་གཉིས་ཀར་ཕྱོགས་པའི་སྒོ་དབྱེའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བཞིན་ཡོད། ཞི་ཨན་རྒྱལ་སྤྱིའི་འགག་སྒོར་ཆ་སྙོམས་སྐར་མ་100རེར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་རེ་འབྱོར་བའམ་ཐོན་གྱི་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་འོད་ཧྥུའི་ཐོན་རྫས་སོགས་སྣེ་རིགས་གསར་པ་གསུམ་འགྲོ་ཁ་རྒྱུག་པའི་དངོས་རྫས་སུ་གྱུར་ཡོད། རྒྱལ་ཁབ་ལྕགས་ལམ་ཞི་ཨན་ཅུས་ཞི་ཨན་རྒྱལ་སྤྱིའི་འགག་སྒོའི་འགོ་འཛིན་ལི་ཧྲེ་ཀོང་གིས། སྐྱེལ་འདྲེན་གྱི་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཀྱི་བསྡུར་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་ཞིང་། དེས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་གྱི་ཡོད། མུ་མཐུད་ནུས་འབྲས་ཆེ་བའི་རྒྱལ་སྤྱིའི་ཉོ་ཚོང་བགྲོད་ལམ་བཏོད་ནས། ནུབ་རྒྱུད་ས་ཁུལ་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་མ་ལག་ནང་མཉམ་འདྲེས་གཏིང་ཟབ་ཡོང་བར་རམས་འདེགས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

  2024ལོར། ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་12ཀྱི་ཁྲོད་ནས་ཞིང་ཆེན་9ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མིག་སྔར། གསོན་ཤུགས་ལྡན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ནུབ་རྒྱུད་དེ་ཉིད་སྤུས་མཐོའི་གོང་འཕེལ་གྱི་མཐོ་ས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།


  • 顶