ཚེས་ཉི་ཤུ་ཉིན། ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར་གྱིས་གསར་འགྱུར་སྤེལ་བ་ལྟར་ན། གཟའ་འཁོར་གཉིས་ལྷག་གི་ནང་། ཨ་རིའི་སྲིད་སྟེགས་སུ་གནས་ཚུལ་དཀོན་པོ་ཞིག་བྱུང་ཡོད་དེ། པ་ལ་ཁི་ཨའོ་པ་མཱ་དང་ཆའོ་པའེ་ཏེན། པིས་ཨེར་ཁེ་ལིན་ཏུན་བཅས་དམངས་གཙོ་ཏང་གི་ལས་ཐོག་སྔོན་མའི་ཙུང་ཐུང་དག་གིས་སྔ་རྗེས་སུ་ཐེ་རོན་ཕུའུ་སྲིད་གཞུང་དང་དེའི་སྲིད་ཇུས་ལ་རྒོལ་གཏམ་བཏང་བ་རེད། ལོ་རྒྱུས་རིག་པའི་ཆེས་མཁས་པས། ཨ་རིར་ལས་ཐོག་སྔོན་མའི་ཙུང་ཐུང་གིས་འགན་བཞེས་ཙུང་ཐུང་ལ་ཡོངས་བསྒྲགས་ངང་སྐྱོན་བརྗོད་བྱེད་པ་ནི་མ་གཞི་ནས་རྒྱུན་ལྡན་གྱི་དོན་དག་ཅིག་མིན། དེའང་དུས་ཡུན་འདི་འདྲའི་ཐུང་ཐུང་ནང་ལས་ཐོག་སྔོན་མའི་ཙུང་ཐུང་གསུམ་གྱིས་དུས་གཅིག་ཏུ་འདི་ལྟར་བྱས་པ་ནི་ཕལ་ཆེར་སྔར་བྱུང་མ་མྱོང་བའི་དོན་དག་ཅིག་རེད་ཟེར།
ད་ལོའི་ཟླ་བ་དང་པོར། པིས་ཨེར་ཁེ་ལིན་ཏུན། (གཡོན།) ཨའོ་པ་མཱ། (དཀྱིལ།)པའེ་ཏེན་(གཡོན།)བཅས་ཨ་རིའི་ལས་ཐོག་སྔོན་མའི་ཙུང་ཐུང་ཅིས་སྨིས་ཁ་ཐེ་ཡི་རྒྱལ་ཁབ་ཀྱི་དུར་འཇུག་བྱེད་སྒོ་ནང་ཞུགས་པ།
ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར་ནང་། ཟླ་བ་བཞི་པའི་ཚེས་གསུམ་ཉིན་ཨའོ་པ་མཱ་ཡིས་ཨ་རིའི་སློབ་གྲྭ་གྲགས་ཅན་ཧན་སྨིས་ཨེར་ཏུན་སློབ་གླིང་དུ་གཏམ་བཤད་པ་དང་། ཁོས་གཏམ་བཤད་ནང་ཐེ་རོན་ཕུའུ་སྲིད་གཞུང་གིས་ཨ་རིའི་མཐོ་སློབ་དང་དེ་མིན་ལས་ཁུངས་གཞན་དག་ལ་གནོད་སྐྱེལ་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་ལ། གནད་དོན་འདི་དག་ཐག་གཅོད་དགོས་ན་ང་ཚོ་མི་ཚང་མར་བརྟེན་དགོས་ཞེས་བཤད་པ་རེད། ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན། པའེ་ཏེན་གྱིས་ཀྲི་ཅ་ཀོ་ནས་ལས་གནས་ལས་བྲལ་རྗེས་ཀྱི་ཡོངས་བསྒྲགས་གཏམ་བཤད་ཐེངས་དང་པོ་བྱས་པ་དང་། ཁོས་གཏམ་བཤད་ནང་ཐེ་རོན་ཕུའུ་སྲིད་གཞུང་གིས་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཉུང་གཏོང་བྱེད་པའི་བྱ་སྤྱོད་ཀྱིས་གནོད་སྐྱོན་དང་གཏོར་བརླག་འདི་འདྲ་ཆེན་པོ་བཟོས་པར་སྐྱོན་བརྗོད་བྱས་པ་རེད། ཟླ་བ་བཞི་པའི་ཚེས་བཅུ་དགུ་ཉིན་ཁེ་ལིན་ཏུན་གྱིས་ཨུ་ཁེ་ལ་ཧོ་མ་གྲོང་ཁྱེར་ནས་གཏམ་བཤད་བྱས་པ་དང་། ཁོས་གཏམ་བཤད་ནང་གྲོང་ཁྱེར་འདིའི་མཐུན་སྒྲིལ་རྣམ་པ་དང་མིག་སྔར་ཨ་རིའི་རྒྱལ་ནང་གི་སྤྱི་ཚོགས་འགལ་བ་གཉིས་གཤིབ་བསྡུར་བྱས་པ་མ་ཟད། ད་རུང་ཨ་རིའི་སྲིད་གཞུང་གི་ལས་ཆོད་པུའུ་ཡིས་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱི་ལས་མི་ཉུང་འཕྲི་ཆེན་པོ་བྱེད་སྐབས། རྒྱལ་ཕྲན་མཉམ་འབྲེལ་གྱི་ལས་སྒྲུབ་མི་སྣའི་ཞབས་ཞུ་ལ་གདེང་འཇོག་བྱས་པ་རེད།
སྒྲོག་གཏོང་ནང་། ཨའོ་པ་མཱ་དང་པའེ་ཏེན། ཁེ་ལིན་ཏུན་ཚང་མས་ཐེ་རོན་ཕུའུ་ཡི་འགན་བཞེས་ཐེངས་གཉིས་པའི་དུས་འགོའི་རྙོག་འཛིང་གི་རྣམ་པར་ཧང་སངས་བྱེད་བཞིན་ཡོད་པ་འདྲ་ཟེར། ཟླ་བ་བཞི་པའི་ཚེས་བཅུ་དགུ་ཉིན་ཁེ་ལིན་ཏུན་གྱིས་གཏམ་བཤད་ཀྱི་མཐའ་མར་ཨ་རིར་ལས་ཁུངས་དང་མ་རྩ་འབོར་ཆེན་དབང་ཡོད་ཟེར། ཁོས་ང་ཚོས་ལས་ཁུངས་དང་མ་རྩ་འདི་དག་ཉེན་ཁའི་གནས་སུ་བཞག་ནས་ང་ཚོ་ནམ་ཡང་འགྲིག་པ་ར་སྤྲོད་བྱེད་པ་དང་། ང་ཚོའི་འཁོན་འཛིན་མི་གཞན་ལས་ཚབས་ཆེ་བ་རེད་དམ་ཅེས་དྲིས་པ་རེད།
ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། དུས་ཡུན་ཐུང་ཐུང་གཟའ་འཁོར་གཉིས་ལྷག་གི་ནང་། ཨ་རིའི་ལས་ཐོག་སྔོན་མའི་ཙུང་ཐུང་གསུམ་སྔ་རྗེས་སུ་ཡོངས་བསྒྲགས་ཀྱི་གར་སྟེགས་ཐོག་ཐེ་རོན་ཕུའུ་སྲིད་གཞུང་དང་དེའི་སྲིད་ཇུས་ལ་ཉེན་བརྡ་བཏང་བ་ནི་ངོ་མ་གནས་ཚུལ་དཀོན་པོ་ཞིག་རེད། གང་ལྟར་གོམས་སྲོལ་ལྟར། སྤྱིར་བཏང་ཡིན་ན་ལས་ཐོག་སྔོན་མའི་ཙུང་ཐུང་གིས་ཡོངས་བསྒྲགས་ཀྱིས་འགན་བཞེས་ཙུང་ཐུང་སྐྱོན་བརྗོད་བྱེད་མི་སྲིད། སྒྲོག་གཏོང་ནང་། ཨའོ་པ་མཱ་དང་པའེ་ཏེན། ཁེ་ལིན་ཏུན་གསུམ་གྱིས་ཐེ་རོན་ཕུའུ་ཡི་མིང་གསལ་པོར་བཏོན་མེད་མོད། རེད་དེ་ཁོ་ཚོས་བཤད་པའི་སྐད་ཆ་ལས་གསལ་པོ་ཤེས་ཐུབ། དམངས་གཙོ་ཏང་མི་གསུམ་གྱིས་རང་གི་བྱ་སྤྱོད་དང་གཏམ་བཤད་བརྒྱུད། ཨ་རི་དམིགས་བསལ་གྱི་དུས་སྐབས་དང་འཕྲད་ཡོད་ལ། ད་ཡོད་ཀྱི་ཚད་གཞི་སྣང་མེད་དུ་བཏང་བས། དམིགས་བསལ་གྱི་བྱེད་ཐབས་ལག་ལེན་བསྟར་དགོས་ཞེས་བསྟན་ཡོད།
ཁོ་ལོམ་པི་ཡ་སློབ་ཆེན་གྱི་རྒྱལ་སྤྱི་དང་སྤྱི་པའི་ལས་དོན་སློབ་གླིང་གི་ལོ་རྒྱུས་རིག་པ་བ་ནཱ་ཧྥུའུ་ཐཱ་ལི་ཡིས། ཨ་རིའི་ལས་ཐོག་སྔོན་མའི་ཙུང་ཐུང་གི་ཐོབ་ཐང་ཐུན་མོང་མ་ཡིན་པ་དང་། ཁོ་ཚོར་ཐོབ་ཐང་ཡོད་ལ་གཏམ་བཤད་པའི་ནུས་པ་ཡང་ལྡན། གལ་སྲིད་རྒྱལ་ཁབ་ཉེན་ཁའི་གནས་སུ་ལྷུང་ན། ཁོ་ཚོས་ཨ་རིའི་མང་ཚོགས་ལ་ཉེན་བརྡ་གཏོང་དགོས། ཁོ་ཚོ་ནི་ཨ་རིའི་མི་དམངས་ཀྱི་བློ་འདྲི་ཨུ་ལྷན་ལྟ་བུར་བརྩི་ཆོག བློ་འདྲི་ཨུ་ལྷན་གྱིས་ཉེན་བརྡ་གཏོང་དུས། མང་ཚོགས་ཀྱིས་དེར་ཉན་དགོས་ཞེས་བཤད།
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba