ཨུ་རུ་སུས་ཉིན་འདིར་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་པ་བཤད།

2025-04-20
464

  ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་འདས་ལོག་དུས་ཆེན་རིང་ཨུ་རུ་སུའི་དམག་དཔུང་གིས་ཟླ་4ཚེས་19ཉིན་གྱི་ཆུ་ཚོད་18ནས་ཟླ་4ཚེས་21ཉིན་གྱི་ཆུ་ཚོད་0བར་དམག་དོན་བྱ་སྤྱོད་མཐའ་དག་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  ཕུའུ་ཅིང་གིས་ད་དུང་བཤད་རྒྱུར་ཨུ་རུ་སུའི་དམག་འཁྲུག་མཚམས་འཇོག་རྒྱུའི་བྱ་སྤྱོད་ལས་ཡུག་རེན་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་རྒྱུའི་ཕྱོགས་ལ་ལྷག་བསམ་རྣམ་དག་ཡིན་མིན་དང་། དམག་འཁྲུག་མཚམས་འཇོག་རྒྱུར་བརྩི་སྲུང་བྱེད་པའི་ནུས་པ་ཡོད་མེད། དེ་བཞིན་དུ་ཞི་བདེའི་གྲོས་མོལ་ནང་ཞུགས་པ་དང་ཡུག་རེན་ཉམས་ཉེན་གྱི་འབྱུང་རྩ་ཐོག་མ་མེད་པ་བཟོ་བའི་འདོད་བློ་དང་ནུས་པ་བཅས་ལ་ཞིབ་དཔྱད་བྱ་ཐུབ་ཀྱི་རེད་ཟེར།   དེའི་ཐད་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་འདྲིས་འཕྲིན་སྦྱོར་ཐོག་ཡི་གེ་སྤེལ་ནས་ཨུ་རུ་སུའི་ཕྱོགས་ཀྱིས་ཉིན་30་རིང་ཕྱོགས་ཡོངས་ནས་ཆ་རྐྱེན་མེད་པར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོར་ཉིན་39རིང་ལན་བཏབ་མེད་ལ། གལ་ཏེ་སྐབས་འདིར་གློ་བུར་དུ་ཨུ་རུ་སུས་ཕྱོགས་ཡོངས་ནས་ཆ་རྐྱེན་མེད་པར་དམག་འཁྲུག་མཚམས་འཇོག་རྒྱུའི་སྒྲོམ་གཞིའི་ནང་ཞུགས་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་ཡིན་ན། ཡུག་རེན་གྱིས་ཀྱང་དེ་ལུགས་ཀྱི་ལན་སྤྲད་རྒྱུ་ཡིན་པ་བཤད་ཡོད།

图片

  དེ་མིན་ཙེ་ལན་སི་ཅི་ཡིས་ནན་བཤད་བྱས་དོན། ཡུག་རེན་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་དམག་འཐབ་སྙན་ཞུ་གསར་ཤོས་ལ་གཞིགས་ན། མིག་སྔར་གཡུལ་སར་ཡོད་པའི་ས་ཁོངས་ཁག་ཅིག་ཏུ་ཨུ་རུ་སུའི་དམག་དཔུང་གི་འཕྲལ་རྒོལ་བྱ་སྤྱོད་སྔར་བཞིན་རྒྱུན་མཐུད་བཞིན་ཡོད་པ་དང་དེའི་མེ་སྒྱོགས་ཀྱང་མཚམས་འཇོག་མེད་ལ། ཡུག་རེན་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་དམག་གྲ་སྒྲིག་བྱས་ནས་དེ་ལུགས་ཀྱི་ངོ་རྒོལ་ལག་བསྟར་བྱས་པས་ཨུ་རུ་སུའི་དམག་དཔུང་གི་སྒྱོགས་མདེལ་རེ་རེ་ལ་ཕར་རྒོལ་གང་ལེགས་བྱེད་བཞིན་ཡོད་ཟེར།

  གཞན་ཡང་ཡུག་རེན་ཙུང་ཐུང་གཞུང་དོན་ཁང་གི་ཀྲུའུ་རེན་ཡེ་ཨེར་མ་ཁེས་ཚེས་19ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་ལ་ཨུ་རུ་སུས་ཆ་རྐྱེན་མེད་པར་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་དགོས་པ་དང་ཡུག་རེན་གྱིས་ཚུར་ཁ་ལན་མེད་པ་ལ་ཕར་ལའང་ཁ་ལན་མེད་པར་བྱ་རྒྱུ་དང་། ཚུར་དམག་འཁྲུག་མཚམས་འཇོག་རྒྱུའི་ལན་ལ་ཕར་དམག་འཁྲུག་མཚམས་འཇོག་པའི་ལན་སློག་རྒྱུ་ཡིན་པ་བཤད།

ཡེ་ཨེར་མ་ཁེས་གལ་སྲིད་ད་ལྟ་ངོ་མ་དམག་འཁྲུག་མཚམས་འཇོག་ཐུབ་ཚེ་དམག་འཁྲུག་མཚམས་འཇོག་རྒྱུ་དེ་ཟླ་4ཚེས་20ཉིན་གྱི་རྗེས་བར་རྒྱུན་མཐུད་བྱེད་དགོས་པ་དང་ཨུ་རུ་སུས་ནམ་ཡང་དམག་འཁྲུག་མཚམས་འཇོག་ནས་གདོང་ཐུག་མཇུག་བསྒྲིལ་དགོས་པའི་བསམ་ཚུལ་བསྟན།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


  • 顶