
ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་ཀྲུའུ་ཞིའི་བཞུགས་ཤག་ཏུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་ཀྲུའུ་ཞིའི་བཞུགས་ཤག་ཏུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་ནས་འབྱོར་སྐབས། ལིའང་ཆང་གིས་རླངས་འཁོར་འབབ་སར་སྤྲོ་སེམས་འཁོལ་བའི་དགའ་བསུ་མཛད།
ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར95ལོན་པ་དང་། ཡོ་ནན་རྒྱལ་ཁབ་བཙུགས་ནས་ལོ་འཁོར80ལོན་པ། ལྷོ་ཕྱོགས་བཅིངས་འགྲོལ་ཐོབ་ནས་ལོ་འཁོར50ལོན་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པ་དང“ཀྲུང་གོ་དང་ཡོ་ནན་དབར་གྱི་མི་ཆོས་རིག་གནས་བརྗེ་རེས་ལོ”ཡིན། ལོ་ངོ75ཡི་རིང་། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་དེ“བློ་མཐུན་དང་སྤུན་ཟླའི”སྲོལ་རྒྱུན་མཛའ་གྲོགས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པའི་བར་འཕེལ་རྒྱས་བྱུང་བ་དང་། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་མཛའ་མཐུན་རོགས་རམ་དང་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་ཐོག་ལངས་ནས་ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ“སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་ནས། འཐབ་ཇུས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱས་ཏེ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་དང་གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་པ་བྲིས་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ས་ཁུལ་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་མངོན་པར་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་མཉམ་ལས་ཀྱི་བརྟན་བརླིང་རང་བཞིན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་དུས་བབ་ཀྱི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་འགྲུལ་བཞུད་དེ་ཡང་དག་པའི་བགྲོད་ལམ་བརྒྱུད་ནས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཐད་མདུན་སྐྱོད་ཀྱི་ཁ་ལོར་དམ་འཛིན་དང་། མཐོ་རིམ་དབར་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་སྟེ། ཏང་གི་མགོ་ཁྲིད་ནུས་པ་ཐུན་མོང་ཐོག་མཐོར་འདེགས་སུ་བཏང་ནས། ལག་གདང་སྦྲེལ་ནས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བརྟན་པོར་བསྐྱོད་དགོས། བདེ་འཇགས་ཐད་མཐུན་སྒྲིལ་གྱི་རྨང་རྡོ་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་དེ་གོ་སྐབས་སུ་བརྩིས་ནས། མུ་མཐུད་དུ་འགོག་སྲུང་དང་ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པའི་གྲ་སྒྲིག་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཡོ་ནན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དཔལ་འབྱོར་ཐད་མཉམ་ལས་བརྟན་བརླིང་དུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”ཐུན་མོང་འཛུགས་སྐྲུན་གྱི་གྲོས་གཞི་དང“བར་ཁྱམས་གཉིས་དང་ར་བ་གཅིག”གི་སྒྲོམ་གཞིའི་སྦྲེལ་མཐུད་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ། ལྕགས་ལམ་དང་གཞུང་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་མང་མཉམ་སྦྲེལ་མཉམ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་ཤར་གཏོང་ལ་འགན་སྲུང་བྱས་ནས། 5Gདང་མི་ཐབས་རིག་ནུས། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་གནས་བབ་ལ་ནུས་པ་འདོན་དགོས། མི་ཆོས་རིག་གནས་ཐད་མཛའ་གྲོགས་ཀྱི་གྲུ་གཡོར་མཐོན་པོར་བསྒྲེངས་ཏེ། ད་ལོའི“ཀྲུང་གོ་དང་ཡོ་ནན་གྱི་མི་ཆོས་རིག་གནས་བརྗེ་རེས་ལོ”ཡི་མུ་འབྲེལ་བྱེད་སྒོ་ཡག་པོར་གཉེར་བ་དང་། སྔར་ལས་མང་བའི“ཆུང་ཞིང་མཛེས་པའི”དམངས་འཚོའི་རྣམ་གྲངས་ལག་བསྟར་བྱས་ཏེ། རིག་གནས་དང་ཡུལ་སྐོར། སྨྱན་སྦྱོར། ས་གནས་སོགས་ཀྱི་བརྗེ་རེས་སྤེལ་བ་བརྒྱུད། ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་སྔར་ལས་མི་སེམས་སུ་ཟུག་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་རྡེབ་ཤུགས་ཕོག་པ་དང་། ཕྱོགས་རྐྱང་རིང་ལུགས་མངོན་གསལ་གྱིས་འཕེལ་ནས་སྲུང་སྐྱོང་རིང་ལུགས་ཀྱི་མྱུ་གུ་སླར་ཡང་འབུས་ཡོད། ཉོ་འཚོང་གཡུལ་འཐབ་སྤེལ་ནས་རྒྱལ་སྤྱིའི་ཉོ་ཚོང་མ་ལག་ལ་གཏོར་བཤིག་བཏང་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་འཇགས་ལ་རྡེབ་ཤུགས་སྟེར་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་ལ་གནོད་སྐྱོན་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་ཕན་ལ་གནོད་སྐྱོན་བཏང་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། བཙན་དབང་ཆབ་སྲིད་དང་ཕྱོགས་རྐྱང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འགན་འཁུར་དང་ཁག་ཁུར་མངོན་པར་བྱེད་དགོས།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེའི་ཀྲུའུ་ཞིའི་བཞུགས་ཤག་ཏུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའང་ཆང་ལ་ཐུག་འཕྲད་གནང་།
ལིའང་ཆང་གིས་བསྟན་དོན། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ནན་དུ་འཚམས་འདྲིར་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་མཉམ་དུ་ཡོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཞིང་། དེས་ཡོ་ནན་དང་ཀྲུང་གོའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཤུགས་ཆེན་པོས་ཇེ་ཆེར་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི“བློ་མཐུན་དང་སྤུན་ཟླའི”མཛའ་གྲོགས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཡོ་ནན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་ཀྱི་སྣེ་ཁྲིད་གལ་ཆེན་འདོན་སྤྲོད་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོར་རླབས་ཆེའི་འཕེལ་རྒྱས་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་བདེ་བླག་ངང་མངོན་འགྱུར་བྱས་ཏེ། སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་ཐུབ་པར་ཡོ་ནན་ཕྱོགས་ལ་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོའི་འབྲེལ་བ་ནི་ཡོ་ནན་གྱི་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་དོན་ཆེན་ཡིན་པ་དང་། ཡོ་ནན་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཞིན་ཅང་དང་བོད་ལྗོངས། ཞང་ཀང་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཡོད་ཚད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་མི་སྣའི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས་མཉམ་སྦྲེལ་མཉམ་མཐུད་དང་མཐོ་རིམ་ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་བརྗེ་རེས་ཀྱི་ཁྱད་ཆོས་སྔར་ལས་མང་པོ་གཏོད་པ། མི་ཆོས་རིག་གནས་བརྗེ་རེས་དམ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་རུ་གཏོང་བ། འགལ་བ་དང་མི་མཐུན་པའི་ཆ་ལ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་མཚོ་ཐོག་གི་བརྟན་ལྷིང་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད།
ཉིན་དེའི་ཉིན་གུང་། ལིའང་ཆང་གིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །
འཕྲིན་སྟེགས། weikangba