དཔྱིད་ཚུགས།
སུང་རྒྱལ་རབས། ཀྲང་ཧྲི།
དུས་ཀྱི་འགྲོས་ལས་ལོ་ཟླའི་རྟིང་མཐའ་གནོན། །
མི་ཡུལ་དཔྱིད་དཔལ་ལྗོན་པའི་གཏིང་ནས་ཚོར། །
སད་པའི་མིག་ལམ་འཚོ་བའི་རེ་ཁཱས་མཛེས། །
ཤར་རླུང་འཇམ་པོས་ལྗང་ལོ་གཉིད་ལས་དཀྲོགས། །

དེ་རིང་ནི་རང་རྒྱལ་གྱི་དུས་གཟེར་ཉེར་བཞིའི་ཐོག་མ་དཔྱིད་ཚུགས་ཀྱི་ཉིན་མོ་ཡིན་ལ། དོ་དགོང་གི་ཆུ་ཚོད་བཅུ་དང་སྐར་མ་བཅུའི་སྟེང་ལ་དངོས་སུ་དཔྱིད་མགོ་ཚུགས་རྒྱུ་རེད། དུས་བཞིའི་འཁོར་འགྲོས་ལས་དཔྱིད་མགོ་ཚུགས་པ་དང་མཉམ་དུ་གངས་དང་འཁྱགས་པས་བསྡམས་པའི་ས་གཞི་ཆེན་མོར་དཔྱིད་རླུང་འཇམ་པོ་དལ་གྱིས་ལྡང་ནས། ཡུན་རིང་བག་ལ་ཉལ་བའི་རྩྭ་དང་རྩི་ཤིང་གི་རིགས་རྣམས་གཉིད་ལས་སད་པ་དང་། ཉི་མའི་དྲོད་ཐིགས་རེ་རེ་དང་བསྡོངས་ནས་ཆུ་བོའི་དར་ཁ་འབྱེད་ཅིང་། གངས་དང་ཁ་བ་ཞུ་ནས་རེ་བའི་དཔྱིད་དཔལ་གསར་པ་མགྲོན་དུ་བསུ་བ་རེད།
རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དཔྱིད་ཚུགས་ཀྱི་གོམས་སྲོལ་སྣ་ཚོགས་ཡོད་ཅིང་། དེ་ལས་ཞིང་པ་རྣམས་ལ་མཚོན་ན། དཔྱིད་ཚུགས་ནི་ཞིང་ལས་ཀྱི་སྟ་གོན་ལྟ་བུ་ཞིག་ཡིན་པས། ཉིན་འདི་ནས་བཟུང་སོ་ནམ་པ་ཚོས་ས་ཞིང་ག་ཚོད་གསར་སྦོལ་བྱེད་དགོས་མིན་དང་། ས་བོན་ག་ཚོད་གྲ་སྒྲིག་བྱེད་དགོས་མིན། ལུད་ག་ཚོད་རྒྱག་དགོས་མིན་བཅས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ནས་དཔྱིད་ཀྱི་ལས་འགོ་རྩོམ་གྱི་ཡོད།
རིག་པ་གཞོན་པའི་དུས་སུ་སློབ། ། བ་ནི་དགུན་གྱི་དུས་སུ་གསོ། ། ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། ། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །
ཞེས་གསུངས་པ་ལྟར། དཔྱིད་ཀ་ནི་ཞིང་ལ་ས་བོན་འདེབས་པ་དང་། ལས་མགོ་གསར་པ་རྩོམ་པའི་རེ་བའི་དུས་ཚིགས་ཤིག་ཡིན་པས། ང་ཚོས་ཀྱང་རེ་བའི་དཔྱིད་དཔལ་གསར་པ་ཚུར་ལ་བསུ་བའི་ཉིན་བཟང་སྐར་བཟང་གི་དུས་འདིར། རྒྱུ་གང་སོང་འབྲས་བུ་ཞེས་པའི་དཔེ་ལྟར། གནམ་ལོ་གསར་པའི་ནང་དུ་ཁྱེད་ཅག་གི་བྱ་བ་གང་རྩོམ་ཡིད་ལ་སྨོན་པ་ལྟར་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
འཕྲིན་སྟེགས། weikangba