
ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ་༡པོའི་ཚེས་༢༠ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་སྲིད་གཞུང་གསར་པར་རེ་སྒུག་བྱེད་པའི་སྐོར་གྱི་དྲི་བ་ལ་ལན་འདེབས་སྐབས། ཀྲུང་གོ་དང་ཨ་རིས་མཉམ་ལས་བྱས་ན་གཉིས་ཕན་དང་འཐབ་རྩོད་བྱས་ན་གཉིས་ཀ་གནོད་པ་ཡོད་པ་དེ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྟན་བརླིང་དང་། སྐྱོན་བྲལ་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད། མའོ་ཉིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་སྲིད་གཞུང་གསར་པ་དང་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཕྱོགས་ལ་དོ་དམ་འོས་འཚམ་བྱས་ཏེ་གཉིས་ཕན་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ་དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རི་ཡང་དག་པའི་འབྲེལ་འདྲིས་ཐབས་ལམ་ཞིག་བཏོད་ནས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བཤད་པ་རེད།
ཡོང་ཁུངས། ཀྲུང་དབྱང་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba