
ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཁེན་ཨེན་སློབ་ཆེན་གྱི་སློབ་གཙོ་ལ་མོང་ལའེ་པའོ་ལའེ་ཐི་ལ་འཕྲིན་ལན་སྤྲིངས་ནས། ཀྲུང་གོ་དང་ཨ་རི་གཉིས་ཀྱི་མཐོ་རིམ་སློབ་གྲྭས་སྤེལ་རེས་དང་མཉམ་ལས་ཇེ་དྲག་བཏང་ནས་ཀྲུང་གོ་དང་ཨ་རིའི་མཛའ་མཐུན་ལ་བྱས་རྗེས་འཇོག་པར་སྐུལ་མ་གནང་བ་རེད། ཞི་ཅིན་ཕིང་གིས་༢༠༠༦ལོར་ངས་ཁྱེད་སློབ་གྲྭའི་ནང་ནས་ཀྲུང་གོ་དང་ཨ་རིའི་མཉམ་ལས་བྱས་ནས་ཝུན་ཀྲུའུ་ཁེན་ཨེན་སློབ་ཆེན་གྱི་མིང་འགོད་མཛད་སྒོའི་ནང་ཞུགས་པར་བདེན་དཔང་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་འབད་བརྩོན་འོག་ཝུན་ཀྲུའུ་ཁེན་ཨེན་སློབ་ཆེན་གྱི་སློབ་གཉེར་གྲུབ་འབྲས་འབུར་དུ་ཐོན་ཞིང་། ཀྲུང་གོ་དང་ཨ་རིའི་སློབ་གསོའི་མཉམ་ལས་ཀྱི་མཚོན་བྱེད་ཅན་གྱི་ལས་གཞིར་གྱུར་ཡོད་པས་དགའ་འོས་པ་ཞིག་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་དང་མིའི་རིགས་ཀྱི་མདུན་ལྗོངས་ལས་དབང་དང་འབྲེལ་བ་ཆེ་ལ། སློབ་གསོ་སྤེལ་རེས་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་། ཁྱད་པར་དུ་ན་གཞོན་ལོ་ཆུང་བར་རྒྱུས་ལོན་དང་མཛའ་བརྩེ་ཆགས་པར་ཕན་འདོགས་ཤིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འབྱུང་འགྱུར་ལས་གཞི་ཡིན། ཁྱེད་ཀྱིས་འཕྲིན་ཡིག་ནང་དུ་ཝུན་ཀྲུའུ་ཁེན་ཨེན་སློབ་ཆེན་དང་མཉམ་ལས་ཟབ་སྤེལ་གཏོང་རྒྱུ་དང་། ཨ་རིའི་སློབ་མས་ཀྲུང་གོ་རུ་སློབ་སྦྱོང་སྤེལ་རེས་འོང་བར་སྐུལ་མ་གཏོང་ཡིན་གསུངས་འདུག་པས། ངས་བསྟོད་བསྔགས་བྱེད་ཡིན། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སློབ་གྲྭའི་བར་བྱེད་ཐབས་གང་མང་སྤྱད་དེ་སྤེལ་རེས་དང་མཉམ་ལས་བྱས་ནས། ཀྲུང་གོར་རྒྱུས་ལོན་དང་ཨ་རིར་ཆ་རྒྱུས་ཟབ་མོ་ཡོད་པའི་ན་གཞོན་ཕོ་ཉ་གསོ་སྐྱོང་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་མཛའ་བརྩེ་འབྲེལ་བ་ལ་འབྲེལ་ཟམ་ནུས་པ་འདོན་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་ཁྱེད་དང་ཨ་རིའི་སློབ་གསོ་ལས་རིགས་ཀྱི་མི་སྣ་གཞན་དག་ཀྲུང་གོ་རུ་ཡོང་བར་དགའ་བསུ་ཡོད་ལ། ངའི་ཚབ་ཏུ་ལས་ཐོག་སྔོན་མའི་སློབ་གཙོ།འབུམ་རམས་པ་ཧྥ་ལ་ཞི་ལ་འཚམས་འདྲི་གནང་རོགས་ཞེས་གསུངས།
༢༠༠༦ལོའི་ཟླ་བ་ལྔ་པར་སྐབས་དེ་དུས་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་པའི་ཞི་ཅིན་ཕིང་གིས་ཐུགས་ཁུར་དང་ལག་ལེན་བསྟར་ནས། ཝུན་ཀྲོའུ་སློབ་ཆེན་དང་ཨ་རིའི་ཁེན་ཨེན་སློབ་ཆེན་བར་གན་རྒྱ་བཞག་སྟེ། ཝུན་ཀྲུའུ་ཁེན་ཨེན་སློབ་ཆེན་མཉམ་དུ་འཛུགས་པའི་ཐག་བཅད། ༢༠༡༤ལོར་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས། ཝུན་ཀྲུའུ་ཁེན་ཨན་སློབ་ཆེན་དངོས་སུ་བཙུགས་ཤིང་། མིག་སྔར་དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་སློབ་མ་༤༥༠༠ཡོད། སྐབས་བརྒྱད་ཀྱི་དངོས་གཞིའི་མཐར་ཕྱིན་སློབ་མ་༣༣༠༠ལྷག་གསོ་སྐྱོང་བྱས་ཡོད། ཉེ་ཆར་ཨ་རིའི་ཁེན་ཨེན་སློབ་ཆེན་གྱི་སློབ་གཙོ་ལའེ་པའོ་ལའེ་ཐི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། མཉམ་ལས་སློབ་གཉེར་བྱས་པའི་གནས་ཚུལ་དང་གྲུབ་འབྲས་བཅས་ལ་མཚམས་སྦྱོར་བྱས་ཤིང་། ཀྲུའུ་ཞི་ཞི་ཡི་གྲོས་འགོ་དང་ལེན་བྱས་ནས། ཨ་རིའི་ན་གཞོན་ལོ་ཆུང་སྔར་ལས་མང་པོས་ཀྲུང་གོ་རུ་སྤེལ་རེས་དང་སློབ་སྦྱོང་ཕེབས་པར་རྒྱབ་སྐྱོར་ཡོད་ཚུལ་དང་། ཀྲུང་གོ་དང་ཨ་རིའི་ན་གཞོན་ལོ་ཆུང་བར་སྤེལ་རེས་ཇེ་དྲག་གཏོང་བར་རམ་འདེགས་བྱ་རྒྱུ་བཅས་བསྟན་ཡོད།
འཕྲིན་སྟེགས། weikangba