
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས། གསར་གཏོད་རང་བཞིན་གྱིས་བཟའ་བཅའ་ཆེན་མོའི་ལྟ་བ་བཏོན་པ་རེད། ལོ་སུམ་ཅུ་ལྷག་གི་རིང་། ཧྥུའུ་ཅན་གྱིས་འཚོལ་ཞིབ་གསར་གཏོད་རྒྱུན་མ་ཆད་ཅིང་ཡུན་རིང་འབད་འབུངས་བྱས་ནས། མཚོ་ཐོག་འབྲོག་ར་དང་ནགས་ཚལ་འབྲུ་མཛོད། སྒྲིག་ཆས་ཞིང་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། བཟའ་བཅའ་མཁོ་འདོན་སྔར་ལས་ཕུན་སུམ་ཚོགས་པས། བཟའ་བཅའ་ཆེན་མོའི་ལྟ་བའི་ལག་ལེན་སྟོབས་ཤུགས་ཡོངས་སུ་མངོན་པ་རེད། རྒྱང་སྐྱོད་གསར་པའི་ཐོག རང་རྒྱལ་གྱིས་བཟའ་བཅའ་ཆེན་མོའི་ལྟ་བ་འཛུགས་ཤིང་ལག་ལེན་བྱེད་པ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་མགྱོགས་པོར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་སྤུས་ཚད་མཐོན་པོར་གཏོང་བར་འགན་སྲུང་བརྟན་པོ་བྱས་ཡོད།
ཧྥུའུ་ཅན་ཤར་རྒྱུད་མཚོ་ཁོངས་སུ། དྲྭ་སྒམ་རེ་རེ་ནི་མཚོ་ཐོག་གི་ཞིང་ཁ་་ནང་བཞིན་རྒྱུན་མ་ཆད་པར་རྒྱ་མཚོའི་ཐོན་རྫས་ཐོན་བཞིན་ཡོད། ལོ་སུམ་ཅུ་ལྷག་གི་སྔོན་ལ། སྐབས་དེར་ཉིང་ཏེ་ས་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ས་གནས་དེ་གའི་ཐོན་ཁུངས་ཁྱད་ཆོས་དམིགས་ནས། ཞིང་ནགས་འབྲོག་གསུམ་དང་ཞོར་ལས།ཉ་ལས་བཅས་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བ་རེད། དུས་དེ་ནས་བཟུང་། ཉིང་ཏེའི་རི་ཁྲོད་དང་མཚོ་འགྲམ་ཡོངས་སུ། ཤིང་ཏོག་འདེབས་འཛུགས་དང་ཆུའི་ཐོན་རྫས་གསོ་སྤེལ་ཚ་ཚ་འུར་འུར་ངང་སྤེལ་བ་རེད།
རི་མཚོ་ཞིང་གསུམ་མཉམ་དུ་འཛིན་ཞིང་། ཉིང་ཏེ་ནས་ཧྥུའུ་ཀྲོའུ་དང་། དེ་མིན་ཧྥུའུ་ཅན་ཞིང་ཆེན་ཡོངས་སུ། བློ་མཐུན་ཞི་ཅིན་ཕིང་གིས་ཞིང་ལས་ཆེན་མོ་དང་བཟའ་བཅའ་ཆེན་མོའི་ལྟ་བའི་རིག་ལམ་སྔར་ལས་གསལ་ཁྱབ་ཏུ་གྱུར་ཡོད། རྒྱ་མཚོ་ཉ་ལས་རིམ་སྤར་དང་ནགས་ཚལ་བཟའ་བཅའ་གསར་སྤེལ། སྒྲིག་ཆས་ཞིང་ལས་འདུ་འཛོམས་བཅས་ལ་དམིགས་ནས། ཁོང་གིས་སྔ་རྗེས་སུ་ཞིང་ཆེན་རིམ་པའི་འཆར་འགོད་བཅུ་ཁ་དང་ཆ་སྒྲིག་བྱེད་ཐབས་བཏོན་པ་རེད། ༢༠༠༡ལོར། ཚོང་རའི་དགོས་མཁོ་ལྟར། ཚན་རྩལ་ལ་ལེགས་པར་བརྟེན་ཞིང་།འདེབས་འཛུགས་དང་གསོ་སྤེལ་ལས་རིགས་སྒྲིག་གཞི་ལེགས་སྒྲིག་བྱེད་པ། མིང་གྲགས་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་གསར་པ་དང་འབག་མེད་བཟའ་བཅའ་འཕེལ་རྒྱས་ཆེན་པོ་གཏོང་རྒྱུ་རྣམས་ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་ལས་ཀའི་སྙན་ཞུའི་ནང་བཀོད་པ་རེད། འཕེལ་རྒྱས་ཀྱི་རིག་ལམ་འདི་དེད་ནས། ཧྥུའུ་ཅན་གྱིས་ཞིང་ལས་ཚན་རྩལ་འགག་སྒྲོལ་ཇེ་དྲག་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་ལག་རྩལ་གསར་བརྗེ་ཇེ་མགྱོགས་གཏོང་བ། ཚན་རྩལ་ཁྱབ་སྤེལ་ཞབས་ཞུ་ཟབ་སྤེལ་བཅས་བྱས་ནས། ཁྱད་ལྡན་ཐོན་ལས་ཆུང་གྲས་ཐོན་ལས་ཆེན་གྲས་སུ་བསྐྲུན་པ་རེད། ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཀྲའོ་ལུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཅན་དུ་ཕྱག་ལས་མཛད་དུས་གསར་དུ་བཏོན་པའི་འདུ་ཤེས་གལ་ཆེན་ལག་བསྟར་ཟབ་མོ་དང་། བཟའ་བཅའ་ཆེན་པོའི་ལྟ་བ་ལག་བསྟར་ཡག་མོ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་གཞི་འཛིན་ས་དང་རྐང་ཚུགས་སར་འཛིན་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་ཁྱུ་ཚོགས། འབག་མེད་ལུགས་སྒྱུར་བཅས་ཇེ་དྲག་བཏང་ནས། ཁྱད་ལྡན་མངོན་པར་ལྡན་པའི་དེང་རབས་ཞིང་ལས་ཇེ་སྟོབས་ཇེ་ལེགས་སུ་གཏོང་དགོས། མང་ཚོགས་ལ་ལྟོ་གོས་འཛོམས་ཤིང་ཞིང་པའི་ཡོང་སྒོ་ཡང་ཇེ་མང་སོང་ཡོད་ཅེས་གསུངས།
བཟའ་བཅའ་ཆེན་པོའི་ལྟ་བ་ཡིས་ཧྥུའུ་ཅན་གྱི་བཟའ་བཅའི་མཁོ་འདོན་མ་ལག་ལ་འགྱུར་བ་གཏོང་བཞིན་ཡོད་དེ། ཞིང་ལས་སྤེལ་ཁུལ་དུ་ཞིང་ལས་ཀྱི་ས་དང་ཆུ།ལུད་དང་སྨན་རྫས། ནུས་ཁུངས་བཅས་གྲོན་ཆུང་དང་། སྐྱེ་ཁམས་འཁོར་སྐྱོད་ཀྱི་ལག་རྩལ་རྣམ་པ་ཁྱབ་གདལ་དང་། ཇ་ལོ་ཐོན་ཁུལ་དུ་སྐྱེ་ཁམས་ཇ་ར་འཛུགས་སྐྱོང་། འབུ་རྩྭ་རྟེན་གཞི་རུ་རྩྭ་ཡིས་ཤིང་གི་ཚབ་བྱས་ནས་འབུ་ནགས་གནོད་པ་སེལ་ནས་ཐོན་ཁུངས་ཕྱོགས་བསྡུས་སྤྱོད་ཚད་ཇེ་མཐོར་གཏོང་བཞིན་ཡོད། སན་མིང་ཡིའུ་ཞི་རྫོང་དུ། བེད་སྤྱོད་ནགས་ཚལ་མང་པོ་དེ་སྐྱེ་ཁམས་ནགས་ཚལ་དུ་བསྒྱུར་བ་དང་། ས་གནས་དེ་གས་ཁེ་ལས་གཙོ་བོ་གསོ་སྤེལ་ཧུར་ཐག་བྱེད་པ། ནགས་ཚལ་བར་གྱི་དཔལ་འབྱོར་དང་སྨན་རྩྭ་དང་སྦྲང་མ། སྣུམ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཞི་ཁྱོན་དུ་ཆགས་ཡོད།
ཧྥུའུ་ཅན་ས་ཆ་ནས་ཀྲུང་གོའི་ས་གཞི་ཆེན་མོ་ཡོངས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཅའ་ཆེན་པོའི་ལྟ་བ་ཀྱི་འགྲེལ་བ་རྒྱུན་ཆད་མེད་པར་སྣ་ཇེ་མང་དང་འཕེལ་རྒྱས་ཇེ་ཆེར་སོང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཐེངས་མང་པོར་ལྟ་སྐུལ་དང་གཟིགས་ཞིབ་ཏུ་ཕེབས་ནས། བཟའ་བཅའ་ཆེན་པོ་དང་ཞིང་ལས་ཆེན་པོ་ལ་ཐུགས་ཁུར་ཆེན་པོ་གནང་རྒྱུ་དེ་ནི་མི་དམངས་མང་ཚོགས་ལ་ སྔར་ལས་འདང་ཞིང་ཕུན་སུམ་ཚོགས་ལ་འཚོ་བཅུད་བདེ་ཐང་གི་བཟའ་བཅའི་ཆེད་རེད། ༢༠༡༥ལོའི་ཀྲུང་དབྱང་ཞིང་སྡེའི་ལས་ཀའི་གྲོས་ཚོགས་ཐོག་ཐེངས་དང་པོར་ཞིང་ལས་ཆེན་པོ་དང་བཟའ་བཅའ་ཆེན་པོའི་ལྟ་བ་བཏོན་པ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཟའ་བཅའ་སྣ་མང་མཁོ་འདོན་མ་ལག་འཛུགས་སྐྱོང་དང་། དེ་ནས་ད་ལོའི་ཀྲུང་དབྱང་ཡིག་ཆ་དང་པོའི་ནང་བཏོན་པའི་བཟའ་བཅའི་ཐོན་ཁུངས་རྒྱ་བསྐྱེད་པའི་བར། བཟའ་བཅའ་ཆེན་པོའི་ལྟ་བ་ཡིས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་སྔར་ལས་སྲ་བརྟན་གཏོང་བཞིན་ཡོད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་ཁང་གི་འགོ་འཛིན་ཝེ་ཧིའུ་ཁའེ་ཡིས། བཟའ་བཅའ་ཆེན་པོའི་ལྟ་བ་ནི་ཐོན་ཁུངས་ཆེན་པོའི་ལྟ་བ་དང་ཞིང་ལས་ཆེན་པོའི་ལྟ་བ། ཁྲོམ་ར་ཆེན་པོའི་ལྟ་བ། བདེ་འཇགས་ཆེན་པོའི་ལྟ་བ་བཅས་གཞི་གཅིག་ཏུ་བསྡུས་པ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན། དོན་དངོས་ལ་གཞིགས་ནས། ཡུལ་བབ་དང་བསྟུན་ལ་ཕྱོགས་ཡོངས་དང་ཐབས་ལམ་སྣ་ཚོགས་ཐོག་ནས་བཟའ་བཅའི་ཐོན་ཁུངས་གསར་སྤེལ་བྱས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་པ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ལ་འདུ་ཤེས་གསར་པ་དང་མཐོང་ཚུལ་གསར་པ། ཐབས་ལམ་གསར་པ་ཞིག་བཏོན་ཡོད་ཟེར།
དེང་སང་། རྨོ་ཞིང་ཕུད་པ་གཞན་རྒྱ་མཚོ་ཡངས་པོ་དང་ནགས་ཚལ། རྩྭ་ཐང་སོགས་ཚང་མས་ཀྲུང་གོའི་ལྟོ་གོས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་དགེ་མཚན་ཡིན། ༢༠༢༣ལོར། ཀྲུང་གོའི་དཔལ་འབྱོར་ནགས་ཚལ་གྱི་ཐོན་ཚད་ཏུན་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དྲུག་ལ་ཟིན་ཡོད་པས། ནགས་ཚལ་བཟའ་བཅའ་ནི་འབྲུ་རིགས་དང་སྔོ་ཚལ་རྗེས་ཀྱི་ཞིང་ལས་ཐོན་རྫས་ཀྱི་འབྱུང་ཁུངས་ཆེན་པོ་ཨང་གསུམ་པ་རུ་གྱུར་ཡོད། མིག་སྔར། ཀྲུང་གོའི་རྒྱང་མཚོའི་གསོ་སྤེལ་བོངས་ཚད་ཀྱང་སྨི་གྲུ་བཞི་ལྷམ་པ་བྱེ་བ་བཞི་ས་ཡ་བཞི་ལ་ཉེ་ཞིང་།ཐོན་ཚད་ཏུན་འབུམ་བཞི་ལ་ཟིན་པས། ལྗང་མདོག་འབྲོག་ར་ཡང་རྒྱང་མཚོར་རྒྱ་སྐྱེད་བཞིན་ཡོད།
འཕྲིན་སྟེགས། weikangba