ཞི་ཅིན་ཕིང་གིས་སེ་ཨེར་ཝེ་ཡའི་ཙུང་ཐུང་དང་གྲོས་མོལ་གནང་།

2024-05-11
407

  དགའ་བསུ་མཛད་སྒོའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁྱབ་ཁོངས་ཆུང་ངུའི་ནང་ཐུག་མཇལ་དང་ཁྱབ་ཁོངས་ཆེན་མོའི་ནང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་མཐོར་འདེགས་གཏོང་རྒྱུ་དང་དུས་རབས་གསར་པའི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་། ཞི་ཅིན་ཕིང་གིས། ཙུང་ཐུང་ཝུའུ་ཆི་ཆི་ཡིས་གདན་ཞུ་ཐེངས་མང་གནང་བ་ལྟར། ལོ་བརྒྱད་ཀྱི་རྗེས་ནས་ཡང་བསྐྱར་མཛེས་སྡུག་ལྡན་པའི་སའེ་ཨེར་ཝེ་ཡ་རུ་འཚམས་འདྲི་ཡོང་བར་དགའ་པོ་བྱུང་། ཙུང་ཐུང་ཝུའུ་ཆི་ཆི་ཡིས་སྲིད་གཞུང་གི་དཔོན་པོ་གཙོ་བོ་མང་པོ་ཁྲིད་ནས་གནམ་ཐང་དུ་བསུ་མར་ཕེབས་པ་དང་། ཡང་སྒོས་ད་ཅི་ངར་གཟབ་རྒྱས་ཆེན་པོས་དགའ་བསུ་མཛད་སྒོ་སྤེལ་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སའེ་ཨེར་ཝེ་ཡའི་མི་དམངས་ནི་ཀྲུང་གོའི་མི་དམངས་ཀྱི་རོགས་པོ་ཡག་པོ་ཡིན་པ་དང་། ཀྲུང་གོར་ལྷག་བསམ་རྣམ་དག་གི་མཛའ་བརྩེ་ལྡན་པ་ཚོར་བྱུང་ཞེས་གསུངས། ཞི་ཅིན་ཕིང་གིས། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་མཛའ་བརྩེ་ཟབ་མོས་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་མོའི་ཉམས་སད་ཐེག་ཡོད་ལ། ལོ་རྒྱུས་ཀྱི་འབྲེལ་འདྲིས་ཟབ་ཅིང་ ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཡོད་ལ། རྒྱ་ཁྱབ་ཆེ་བའི་ཐུན་མོང་ཁེ་ཕན་དང་དམངས་འདོད་རྨང་གཞི་་བརྟན་པོ་ཡོད། ཉེ་བའི་ལོ་ཤས་རིང་། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

  ཡང་སྒོས་སུ་༢༠༡༦ལོར་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་སྔར་ལས་ཇེ་ཚོགས་དང་རྒྱ་ཇེ་ཆེར་སོང་ནས། ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་བར་གྱི་མཛའ་མཐུན་འགྲོ་འོང་གི་མིག་དཔེར་གྱུར་ཡོད། ལག་ལེན་གསེར་གྱི་ཐིགས་པ་རེད། ཀྲུང་གོས་སའེ་ཨེར་ཝེ་ཡ་དང་མཉམ་དུ། མུ་མཐུད་དེ་དཀའ་སྡུག་མཉམ་མྱོང་བྱེད་པ་དང་ལས་དབང་གཅིག་ཏུ་སྦྲེལ་ནས། མཛའ་བརྩེ་ཟབ་མོའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་མཛའ་བརྩེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རྩ་བ་དང་ཕུགས་ཡུན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། ལག་གདང་སྦྲེལ་ནས་རང་རང་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་བརྩོན་ལེན་བྱེད་པ། མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད། 

  ཝུའུ་ཆི་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས། ཀྲུང་གོ་ནི་སའེ་ཨེར་ཝེ་ཡའི་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡིན་ལ། སའེ་ཨེར་ཝེ་ཡ་ནི་རྒྱལ་ཁབ་ཆུང་ཆུང་ཡིན་ནའང་། ཀྲུང་གོས་ནམ་ཡང་སའེ་ཨེར་ཝེ་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་དང་། སའེ་ཨེར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བླ་ན་མེད་པར་གནང་བཞིན་ཡོད།  


  ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཛམ་གླིང་གི་རླབས་ཆེན་གཙོ་འཛིན་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་བརྟན་པོའི་འོག  ཀྲུང་གོར་འཛམ་གླིང་ཐོག་ཀུན་གྱིས་དོ་སྣང་ཐོབ་པའི་གྲུབ་འབྲས་ཐོབ་ཡོད། འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་འགྲོ་བའི་མིག་དཔེར་གྱུར་ཡོད་ལ།  རྒྱལ་སྤྱིའི་ལས་དོན་ཁྲོད་ཉིན་རེ་བཞིན་དབུ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད་པར་མ་ཟད། འཛམ་གླིང་གི་མི་དམངས་ལའང་ཕན་བདེ་བསྐྲུན་ཡོད། སའེ་ཨེར་ཝེ་ཡ་མི་དམངས་ཀྱིས་ཀྲུང་གོ་དང་ཁྱད་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དྲིན་ཟབ་མོ་ཚོར་ཞིང་བརྩི་བཀུར་ཟོལ་མེད་བྱེད་བཞིན་ཡོད། ཀྲུང་གོ་ལྟ་བུའི་རླབས་ཆེན་རྒྱལ་ཁབ་དང་གྲོགས་པོ་བཟང་པོ་གྱུར་པར་གཟི་བརྗིད་དང་ལ་རྒྱ་ཞིག་ལ་བརྩི་བཞིན་ཡོད། སའེ་ཨེར་ཝེ་ཡ་ཡིས་ཀྲུང་གོས་ཐའེ་ཝན་སོགས་ཁེ་ཕན་གཙོ་བོའི་གནད་དོན་ཐད་ཀྱི་དྲང་བདེན་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་ལ། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པར། སའེ་ཨེར་ཝེ་ཡ་ཡིས་མུ་མཐུད་ནས་ཐེ་ཚོམ་སྤུ་ཙམ་མེད་པ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་གསུངས།

  ཞི་ཅིན་ཕིང་གིས། སའེ་ཨེར་ཝེ་ཡ་ནི་ཀྲུང་གོའི་ཡོ་རོབ་དབུས་ཤར་ས་ཁུལ་དུ་ཡོད་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཐོག་མ་དེ་ཡིན་ལ། ཕྱོགས་གཉིས་བར་གྱི་མཉམ་ལས་ཀྱིས་ཕྱོགས་སོ་སོ་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་སྟོབས་ཆེན་པོ་འདོན་ཞིང་ རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་བདེ་བསྐྲུན་ཡོད། གནས་བབ་གསར་པའི་འོག  སའེ་ཨེར་ཝེ་ཡ་ནི་ཀྲུང་གོ་དང་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་ཡོ་རོབ་རྒྱལ་ཁབ་ཐོག་མར་གྱུར་ཡོད་པས། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་བར་འབྲེལ་བའི་འཐབ་ཇུས་ནུས་པ་དང་དམིགས་བསལ་རང་བཞིན། ཆུ་ཚད་མཐོན་པོ་ཡིན་པ་མངོན་པར་མཚོན་ཐུབ། དུས་རབས་གསར་པའི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་མཛའ་མཐུན་ཇེ་ཟབ་སོང་ཡོད་ལ། ཕྱོགས་གཉིས་ཐུན་མོང་གི་རིན་ཐང་འདུ་ཤེས་དང་དམིགས་འབེན་བརྩོན་ལེན་ཏེ། མཉམ་དུ་གོང་འཕེལ་དང་མཉམ་ལས་གཉིས་ཁེ། ཕན་ཚུན་གཞོགས་འདེགས་བཅས་མཚོན་ཡོད་ལ། དེ་དག་ནི་ཀྲུང་གོ་དང་སའེ་ཨེར་ཝེ་ཡ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཐོག་རང་བཙན་རང་བདག་རྒྱུན་འཁྱོངས་དང་། ཞི་བདེ་དང་འཕེལ་རྒྱས་བརྩོན་ལེན་བྱེད་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་འདུན་རེད། ཕྱོགས་གཉིས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྤུས་ཚད་མཐོར་འདེགས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཕེལ་རིམ་ལ་རོགས་འདེགས་བྱེད་དགོས་ཏེ། གཅིག་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་འབུར་དུ་ཐོན་དགོས་པ་དང་། ཕྱོགས་གཉིས་འབྲེལ་བའི་ཁ་ཕྱོགས་ཆེན་པོར་གདེང་ཚོད་ཟབ་མོ་ལོན་ དགོས། ཀྲུང་གོས་སའེ་ཨེར་ཝེ་ཡ་ཡིས་རང་བཙན་རང་བདག་རྒྱུན་འཁྱོངས་དང་། རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར་དང་། སའེ་ཨེར་ཝེ་ཡ་ཡིས་རྒྱལ་ཁབ་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཡོད།ཕྱོགས་གཉིས་ཀྱིས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་དང་། འཐབ་ཇུས་མཉམ་ལས་ཟབ་མོ། རང་ཉིད་ཆབ་སྲིད་བདེ་འཇགས་དང་གཞི་རྩའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། གཉིས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དོན་དངོས་སྒྲུབ་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་དགོས།

  ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་བར་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་ལས་བྱས་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ལ། ཕྱོགས་གཉིས་ཀྱིས་འགྲིམ་འགྲུལ་དང་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་གཏོང་བ་དང་། ཧང་ག་རི་ནས་སའེ་ཨེར་ཝེ་ཡའི་བར་གྱི་ལྕགས་ལམ་སེ་ཨར་ཝེ་ཡའི་མངའ་ཁོངས་ཀྱི་ལམ་ཐིག་ཧྲིལ་བོ་ཤར་གཏོང་ཐུབ་པའི་དམིགས་འབེན་དུས་ལྟར་འགྲུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་གཞི་ཆེན་པོ་མཉམ་གཅིག་ཏུ་ཡག་པོ་གཉེར་ཞིང་། ཆུང་ཞིང་མཛེས་པའི་དམངས་འཚོའི་ལས་གཞི་སྔར་ལས་མང་པོ་བསྐྲུན་ཏེ། རྒྱུན་ཆད་མེད་པར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་རྒྱུན་སྐྲུན་བྱེད་དགོས། ཀྲུང་གོ་དང་སེ་ཨར་ཝེ་ཡའི་རང་མོས་ཉོ་ཚོང་གྲོས་ཆིངས་དེ་ད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པས། ཀྲུང་གོ་དང་སེ་ཨར་ཝེ་ཡའི་བར་ཆུ་ཚད་མཐོ་བའི་ཕན་ཚུན་སྒོ་འབྱེད་དུས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་རེད། ཀྲུང་གོས་མུ་མཐུད་དུ་སེ་ཨར་ཝེ་ཡའི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་རྒྱ་སྐྱེད་གཏོང་བ་དང་། མ་འོངས་པའི་ལོ་གསུམ་རིང་སེ་ཨར་ཝེ་ཡའི་ལོ་ཆུང་གཞོན་ནུ་སུམ་བརྒྱ་ལྷག་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱ་འདོད་ཡོད། སེ་ཨར་ཝེ་ཡ་ཡིས་པེ་ཨེར་གེ་ལ་ཏེ་ནས་ཧྲང་ཧའེ་བར་གྱི་ཐད་འཕུར་མཁའ་ལམ་གསར་དུ་ཕྱེས་ནས་མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བར་དགའ་བསུ་ཡོད། གསུམ་པ་ནི་རྒྱལ་ཁབ་གཉིས་འབྲེལ་བའི་གསར་གཏོད་ནུས་དར་སྤེལ་དང་། མཉམ་ལས་ཀྱི་མདུན་ལྗོངས་གསར་པ་གཏོད་དེ། གསར་གཏོད་མཉམ་ལས་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་གོང་འཕར་འགྲོ་ས་འཛུགས་སྐྱོང་བྱ་དགོས། ཀྲུང་གོས་མ་འོངས་པའི་ལོ་གསུམ་རིང་སེ་ཨར་ཝེ་ཡའི་ན་གཞོན་ཚན་རིག་པ་ལྔ་བརྒྱས་ཀྲུང་གོར་ཡོང་ནས་ཚན་ཞིབ་སྤེལ་རེས་དང་འཚམ་འདྲི་གནང་བར་རྒྱབ་སྐྱོར་བྱེད་པར་རྒྱབ་སྐྱོར་ཡོད་ལ། སེ་ཨར་ཝེ་ཡ་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དྲག་གཏོང་ཞིང་། མིའི་རིགས་ཡོངས་རྫོགས་འཕེལ་རྒྱས་ལུགས་མཐུན་དང་མིས་བཟོས་རིག་ནུས་བེད་སྤྱོད་གཏོང་བར་ཤུགས་འདོན་འདོད་ཡོད། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཉམ་དུ་ངོ་རྒོལ་དང་། ཚོགས་ཁག་ཆབ་སྲིད་དང་དཔུང་ཁག་བར་ཁ་གཏད་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོབ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བཅས་བྱས་ནས། རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་ཤུགས་འདོན་དགོས་ཞེས་ནན་གསུངས་གནང་།

  ཝུའུ་ཆི་ཆི་ཡིས། ཀྲུང་གོའི་དངུལ་གཏོང་དང་མཉམ་ལས་ཀྱིས་སེ་ཨར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་ཆེན་པོ་ཐོན་པར་མ་ཟད། སེ་ཨར་ཝེ་ཡའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བཏང་ཡོད། ཁྱད་པར་དུ་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་ཐུགས་འཁུར་དང་རྒྱབ་སྐྱོར་འོག ཧོ་པེ་དང་སི་མེ་ཏེ་ལེ་ཨོའི་ངར་ལྕགས་བཟོ་གྲྭ་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་ནས། ངར་ལྕགས་བཟོ་གྲྭའི་ལས་དབང་རྩ་བ་ནས་བསྒྱུར་བར་མ་ཟད། མང་ཚོགས་ཀྱི་ཡིད་ཆེས་དང་རེ་བའང་ཇེ་བརྟན་དུ་བཏང་ཡོད། སེ་ཨར་ཝེ་ཡའི་མ་འོངས་པ་ནི་ཀྲུང་གོ་དང་དམ་པོར་སྦྲེལ་ཡོད་ལ། སེ་ཨར་ཝེ་ཡས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་ཁག་དང་རིམ་པ་མི་འདྲ་བ་ནས་སྤེལ་རེས་ཟབ་མོ་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་གསར་པ། གསར་གཏོད། མིས་བཟོས་རིག་ནུས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ནང་མཉམ་ལས་ལ་ཤུགས་འདོན་པར་རེ་སྒུག་ཡོད། རྒྱུད་གཅིག་ལམ་གཅིག་སྤུས་མཐོའི་མཉམ་བསྐྲུན་བྱ་རྒྱུར་ཤུགས་བཏོན་ནས། ཧང་ག་རི་ནས་སེ་ཨར་ཝེ་ཡའི་བར་གྱི་ལྕགས་ལམ་ཐོག་གི་སེ་ཨར་ཝེ་ཡའི་ལམ་དུམ་དུས་ལྟར་འཛུགས་སྐྲུན་ཐུབ་པ་དང་། ཀྲུང་གོའི་ཁེ་ལས་སྔར་བས་མང་པོས་སེ་ཨར་ཝེ་ཡ་ལ་དངུལ་གཏོང་མཉམ་ལས་བྱེད་པ་དང་། རྒྱལ་ཁབ་གཉིས་བར་ཐད་འཕུར་མཁའ་འགྲུལ་ལམ་ཐིག་དེ་བས་མང་པོ་ཤར་གཏོང་ཐུབ་པའི་རེ་སྒུག་ཡོད་ལ། སེ་ཨར་ཝེ་ཡ་དང་ཀྲུང་གོའི་རང་མོས་ཉོ་ཚོང་གྲོས་ཆིངས་ནུས་ཆོད་དུ་གྱུར་བ་གོ་སྐབས་སུ་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་མཉམ་ལས་སྔར་བས་རྒྱ་བསྐྱེད་པར་རེ་སྒུག་ཡོད།

  དེ་རིང་ང་ཚོས་སེ་ཨེར་ཝེ་ཡ་དང་ཀྲུང་གོ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོར་འདེགས་དང་དུས་རབས་གསར་པའི་སེ་ཨེར་ཝེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དེས། སེ་ཨེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པ་ལ་འགྱུར་རྒྱུ་རེད། སེ་ཨེར་ཝེ་ཡས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་གྲོས་འགོ  འཛམ་གླིང་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་མ་ཟད་དེའི་ནང་ཞུགས་གང་ཐུབ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཕྱོགས་མང་འཐབ་ཇུས་མཐུན་སྦྱོར་ཇེ་དམ་དང་།མཉམ་དུ་བཙན་དབང་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྲུང་སྐྱོང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་མཉམ་དུ་ཀྲུང་གོ་དང་སེ་ཨེར་ཝེ་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཇེ་ཟབ་དང་མཐོར་འདེགས་གཏོང་རྒྱུ་དང་དུས་རབས་གསར་པའི་ཀྲུང་གོ་དང་སེ་ཨེར་ཝེ་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་བཀོད་གནང་བར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་འབག་མེད་འཕེལ་རྒྱས། ཨང་ཀིའི་དཔལ་འབྱོར། གློག་རྡུལ་ཚོང་དོན། རྨང་གཞིའི་སྒྲིག་ཆས། དཔལ་འབྱོར་ལག་རྩལ། ཆ་འཕྲིན་འཕྲིན་གཏོང་། ཞིང་ལས་བཟའ་བཅའ། འཕྲིན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱེད་པར་བདེན་དཔང་མཛད་པ་རེད།


  • 顶