
མཛོད་དགེ་རྫོང་གིས་མཆུ་རྐན་ཤོ་བའི་ནད་པ་དང་ཁྱིམ་བདག་གི་དངོས་ཡོད་དཀའ་ངལ་སེལ་ནས། དུས་ལྟར་སྨན་བཅོས་བྱེད་མ་ཐུབ་པར་དབང་བོ་སྐྱོན་ཅན་དུ་འགྱུར་བའི་གནས་ཚུལ་མི་འབྱུང་ཆེད། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་སེང་གེ་མཉམ་འབྲེལ་ལྷན་ཚོགས་ཀྱི་སི་ཁྲོན་འཐུས་ཚབ་ཁང་དང་འབྲེལ་འདྲིས་བྱས་ཏེ་སེང་གེའི་བརྩེ་བ་1+1ཞེས་པའི་ལས་སྒོ་སྤེལ། དབང་བོ་སྐྱོན་ཅན་གྱི་དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་ངེས་གཏན་རོགས་སྐྱོར་ལས་དོན་སྤེལ་ནས། མཆུ་རྐན་ཤོ་བའི་ནད་པར་གཤགས་བཅོས་འགྲོ་གྲོན་མཁོ་འདོན་བྱས།

ད་ལོའི་ཟླ་3པའི་ཟླ་འགོར། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཆུ་རྐན་ཤོ་བའི་ནད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ནད་གཞི་ལྕི་ཡང་དང་ཁྱིམ་ཚང་གི་དཀའ་ངལ་ལ་གཞིགས་ནས། 2024ལོར་ཟླ་5ལོན་པའི་བྱིས་པ་མཆུ་རྐན་ཤོ་བའི་ནད་པར་ཀྲུང་གོའི་སེང་གེ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛུམ་ཞལ་རོགས་སྐྱོར་རྣམ་གྲངས་ཁག་དང་པོ་ལག་བསྟར་བྱེད་ཐག་བཅད། ཟླ་4པའི་ཚེས་9ཉིན་ནད་པ་དང་ཁྱིམ་བདག་ཁྲེང་ཏུའུ་ཅིང་ཏུང་སྨན་ཁང་དུ་སོང་ནས་རིན་མི་དགོས་པར་བརྟག་དཔྱད་དང་གཤགས་བཅོས་བྱས། ཀྲུང་གོ་སེང་གེ་མཉམ་འབྲེལ་ལྷན་ཚོགས་སི་ཁྲོན་ཡིད་རྟོན་ཞབས་ཞུའི་རུ་ཁག་གིས་འགྲོ་རོགས་བྱས། ཆེད་མཁས་པ་དང་སྨན་དོན་མི་སྣས་བྱམས་བརྩེའི་བདག་སྐྱོང་འོག་གཤགས་བཅོས་ལེགས་འགྲུབ་བྱུང་། ཟླ་5པའི་ཟླ་སྟོད་དུ་སྨན་ཁང་ནས་བདེ་བླག་ངང་ཕྱིར་བུད། རྒྱུས་ལོན་པ་ལྟར་ན། ཟླ་7པ་ནས་10པའི་བར་ད་དུང་བྱིས་པ་ནད་པ་3ལ་སྨན་བཅོས་ལས་སྒོ་ཐེངས་གཉིས་པ་སྤེལ་རྒྱུ་རེད།
རྗེས་ཕྱོགས་ཀྱི་ལས་དོན་ཁྲོད་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་འཛུམ་ཞལ་རོགས་སྐྱོབ་རྣམ་གྲངས་ནང་ཞུགས་ཏེ། མཛོད་དགེའི་མཆུ་རྐན་ཤོ་བའི་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱས་ནས་ཚེ་གང་པོ་འཛུམ་ཞལ་ལེགས་པོ་མངོན་པར་འབད་པ་ལྷོད་མེད་བྱ་རྒྱུ་རེད།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
འཕྲིན་སྟེགས། weikangba