ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་གྲས་གསར་འཛུགས་བྱས་ཏེ། མུ་མཐུད་དུ་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་སྐུལ་སློང་བྱེད་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས། ཆེད་དོན་སློབ་སྦྱོང་ཐེངས་ལྔ་པ་སྤེལ་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཆེད་དོན་སློབ་སྦྱོང་ལ་མགོ་འཛིན་གནང་། ཧྭ་ཤར་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལའོ་ཕའེ་ཞིན་གྱིས་འགྲེལ་བཤད་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་དང་རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།

ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་གྲས་གསར་འཛུགས་བྱས་ཏེ། མུ་མཐུད་དུ་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་སྐུལ་སློང་བྱེད་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་ལྔ་པ་སྤེལ།
ལི་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་མཉན་རྗེས་བསྟན་དོན། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་ནི་ཚོང་རའི་གསོན་ཤུགས་་གསོ་སྐྱོང་དང་སྐུལ་སློང་བྱེད་པ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གནད་དོན་ཁ་ཕྱོགས་དང་དགོས་མཁོ་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ཀྱི་བཅོས་བསྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་གྲས་གསར་འཛུགས་བྱེད་པའི་ཐད་མུ་མཐུད་དུ་ཤུགས་བཀོལ་བ་དང་བྱས་རྗེས་བཞག་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་རོགས་སྐྱོར་མཁོ་འདོན་བྱེད་དགོས།
ལི་ཆང་གིས་བསྟན་དོན། དུས་ཡུན་རིང་པོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ལ་མུ་མཐུད་དུ་ལེགས་བཅོས་བྱུང་བ་དང་། མང་ཚོགས་དང་ཁེ་ལས་ཀྱི་ཐོང་སྣང་བསྟུད་མར་ཇེ་ཆེར་སོང་ཡོད། རྗེས་མར་སྔར་ལས་ལེགས་པའི་འདྲ་མཉམ་འགྲན་རྩོད་ལ་གཞིགས་ཏེ་སྔར་ལས་ལྷག་པར་ཚོང་ར་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཀུན་ལ་འདྲ་མཉམ་གྱིས་རིགས་སོ་སོའི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཤུགས་ཆེན་པོས་གཅིག་གྱུར་ཚོང་ར་དང་འདྲ་མཉམ་འགྲན་རྩོད་ལ་འགོག་རྒོལ་བྱེད་པའི་གཏན་འཁེལ་བྱེད་ཐབས་གཙང་སེལ་དང་མེད་པར་བཏང་སྟེ། རིགས་སོ་སོའི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་འདྲ་མཉམ་འགྲན་རྩོད་ལ་དངོས་གནས་ཁག་ཐེག་བྱེད་དགོས། སྔར་ལས་ལེགས་པའི་སྒོ་ནས་རིགས་སོ་སོའི་བདག་གཉེར་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་ལ་གཞིགས་ཏེ་སྔར་ལས་ལྷག་པར་ཁྲིམས་སྐྱོང་ཅན་གྱི་ཆུ་ཚོད་མཐོར་འདེགས་གཏོང་བ་དང་། མུ་མཐུད་དུ་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚུང་དུ་བཏང་སྟེ། ནན་ཏན་སྒོས་དྲང་བདེན་དཔལ་ཡོན་གྱི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་། སྲིད་འཛིན་ཆད་གཅོད་རང་དབང་ཐག་གཅོད་དབང་ཆ་ཚད་ལྡན་དུ་གཏོང་དགོས་ལ། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་སྐྲུན་བྱས་ཏེ་ལྟ་སྐུལ་ཕན་ནུས་མཐོར་འདེགས་དང་། གཏན་འཇགས་དང་མངོན་གསལ། ཚད་ལྡན། སྔོན་དཔག་ཆོག་པའི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བསྐྲུན་དགོས། སྔར་ལས་ལེགས་པའི་ཚོང་གཉེར་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བར་གཞིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་ལ་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་སོགས་སྟེགས་བུའི་གནོན་ཤུགས་ཚད་ལེན་བྱེད་ནུས་འདོན་སྤེལ་བྱས་ནས་སྔར་ལས་མང་པའི་སྣེ་ཁྲིད་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་ལམ་ལུགས་གསར་སྐྲུན་གྲུབ་འབྲས་ཆགས་པར་བྱེད་དགོས།
ལི་ཆང་གིས་བསྟན་དོན། སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་ནི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། སྲིད་གཞུང་གི་རང་སྟེང་འཛུགས་སྐྲུན་དང་འགན་ནུས་གཞན་སྒྱུར་གྱི་ཕན་འབྲས་མཐོར་འདེགས་གཏོང་བའི་ཐབས་ལམ་ཁོ་ན་ཡིན། མང་ཚོགས་དང་ཁེ་ལས་ཀྱིས་སྲིད་དོན་ཞབས་ཞུ་མུ་མཐུད་རིམ་སྤར་བྱེད་པའི་དགོས་མཁོ་དང་བསྟུན་ནས། སྔར་ལས་མང་པོའི་ནུས་མཐོའི་ངང་དོན་གཅིག་སྒྲུབ་པའི་བྱེད་ཐབས་བཟང་པོ་འདོན་པ་དང་། མང་ཚོགས་དང་ཁེ་ལས་ཀྱིས་ལོ་རེར་དོན་དངོས་ཀྱི་འགྱུར་ལྡོག་ཚོར་ཐུབ་པར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་ཅན་གྱི་སྲིད་དོན་ཞབས་ཞུ་སྟེགས་བུར་བརྟེན་ནས་སྲིད་དོན་ཞབས་ཞུའི་ཕན་འབྲས་མཐོར་འདེགས་རྒྱུན་ལྡན་ཅན་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པར་ལམ་སྲོལ་འཐུས་ཚང་དང་གོ་རིམ་ལེགས་བཅོས་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཀྱི་ཞབས་ཞུ་ཐབས་ལམ་འཐུས་ཚང་དུ་གཏོང་དགོས་ལ། གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་གསར་བ་བེད་སྤྱོད་གང་ལེགས་བྱས་ཏེ། མུ་མཐུད་དུ་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་ཚད་མཐུན་ཅན། སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། །