ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀེ་ལ་ཐུག་འཕྲད་གནང་།

པར་འདི་ནི་ཟླ7པའི་ཚེས20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀེ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། འབུམ་རམས་པ་ཅི་ཞིན་ཀེ་ལགས་དགོང་ལོ་བརྒྱར་སླེབས་པའི་སྐྱེས་སྐར་གཏོང་མ་ཐག་ཡིན་པ་དང་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་ཐེངས་བརྒྱ་ལྷག་ཕེབས་མྱོང་ཡོད་པ་རེད། “བརྒྱ་ཐམ་པ”དེ་གཉིས་མཉམ་དུ་བསྣན་ན་ཐེངས་འདིར་ཁྱེད་ཉིད་ཀྲུང་གོར་འཚམས་འདྲི་ཕེབས་པ་ལའང་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་པ་རེད། ལོ་ངོ52སྔོན་ལ་ཀྲུང་ཨ་རྒྱལ་ཁབ་གཉིས་གནད་འགག་གི་གྱོག་མཚམས་ཤིག་ཏུ་གནས་ཤིང་། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་རྣམ་གཉིས་ཀྱིས་ཙུང་ཐུང་ཉི་ཁེ་སུང་དང་ཁྱེད་གཉིས་དང་ལྷན་དུ་ཁྱད་དུ་འཕགས་ཤིང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་ཨའི་མཉམ་ལས་ཀྱི་འགྲོ་ལམ་ཡང་དག་པ་གདམ་གསེས་བྱས་ཏེ། ཀྲུང་ཨའི་འབྲེལ་བ་རྒྱུན་ལྡན་ཅན་དུ་བཏང་ཞིང་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་ལའང་འགྱུར་ལྡོག་བཏང་བ་རེད། ཀྲུང་གོ་བས་བརྩེ་སེམས་དང་དྲང་བདེན་ལ་བརྩི་འཇོག་བྱེད་མཁན་ཡིན་པས། ང་ཚོས་ནམ་ཡང་གྲོགས་པོ་རྙིང་པ་རྣམས་བརྗེད་མི་སྲིད་ལ། ཁྱེད་ཉིད་ཀྲུང་ཨ་འབྲེལ་བའི་འཕེལ་རྒྱས་དང་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ལ་དེ་ལས་ཀྱང་བརྗེད་མི་སྲིད།
ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱ་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། རྒྱལ་སྤྱིའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱང་གར་འགྲོ་འདི་འགྲོ་མི་ཤེས་པའི་ལམ་གྱི་བཞི་མདོ་ཞིག་ཏུ་གནས་ཡོད་སྟབས་ཕྱོགས་གཉིས་ཀྱིས་ཡང་བསྐྱར་གདམ་ག་བྱེད་དགོས་བྱུང་། མ་འོངས་པར་ཀྲུང་ཨ་གཉིས་ཀྱིས་ཕན་ཚུན་ལ་གྲུབ་འབྲས་ཐོབ་པ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་འདི་གསུམ་ལ་བརྩི་སྲུང་བྱ་རྒྱུ་ནི་གནད་རྩ་ཞིག་རེད། དེའི་རྨང་གཞི་སྟེང་ཀྲུང་གོས་ཨ་རི་ཕྱོགས་དང་མཉམ་དུ་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུ་དང་ཀྲུང་ཨའི་འབྲེལ་བ་བརྟན་བརླིང་ངང་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ལ། དེས་ཀྲུང་ཨ་ཕྱོགས་གཉིས་ཀར་ཕན་པར་མ་ཟད་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཐུབ་པ་རེད། རེ་བ་ཡིན་ན་ཁྱེད་ཉིད་མུ་མཐུད་དུ་ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་གནང་དགོས་ཞེས་ནན་གྱིས་བསྟན།
ཅི་ཞིན་ཀེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་གི་ཐོག་བརྩེགས་ཨང་ལྔ་པའི་ནང་ཐུག་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཨ་ཀྲུང་འབྲེལ་བ་དེ་ཨ་ཀྲུང་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་འབྱུང་བར་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། མིག་སྔའི་གནས་བབ་འོག“ཧྲང་ཧའེ་སྤྱི་བསྒྲགས”ནང་གཏན་འབེབས་བྱས་པའི་རྩ་དོན་ལ་བརྩི་སྲུང་བྱ་དགོས་པ་མ་ཟད། ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱུས་ལོན་བྱ་རྒྱུ་དེ་ཀྲུང་གོར་མཚོན་ན་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པས་ཨ་ཀྲུང་འབྲེལ་བ་དེ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ངེད་ཀྱིས་མུ་མཐུད་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་གཏོང་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་ཐུག་འཕྲད་ནང་ཞུགས། །
འཕྲིན་སྟེགས། weikangba