
ཟླ5པའི་ཚེས26ཉིན། བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་འཁར་བར་བརྟེན་ནས་བྲག་ཕུག་དུ་བསྐྱོད་བཞིན་པ།
ཕུག་ཡངས་བྲག་ཕུག་གི་རི་བོ་དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩྭ་མདའ་རྫོང་དུང་དཀར་སྡེ་བའི་བགྲེས་པོ་རིག་འཛིན་དབང་གྲགས་ཁྱིམ་གྱི་ཉེ་འགྲམ་དུ་ཆགས་ཡོད། བགྲེས་པོས་འཁར་བར་བརྟེན་ནས་ངོས་གཟར་བའི་རིའི་ལྡེབས་ཀྱི་སྐས་རིམ400ལྷག་ལ་འཛེགས་ནས་ལོ་དང་ཟླ་བ་རེ་རེར་ཡུལ་འདིར་ལྟ་སྲུང་བྱེད་བཞིན་ཡོད།
ཕུག་ཡངས་བྲག་ཕུག་དང་བར་ཐག་སྤྱི་ལེ་གཉིས་ཙམ་ཡོད་པའི་དུང་དཀར་བཀྲ་ཤིས་ཆོས་གླིང་དགོན་པའི་གནའ་ཤུལ་གཉིས་ཀྱིས་བོད་ལྗོངས་ནང་བསྟན་གྱི་ཆེས་ཆེ་བའི་བྲག་ཕུག་ཤུལ་བཞག་གྲུབ་ཡོད་པ་སྟེ། དེ་ནི་ཕུག་ཡངས་དང་དུང་དཀར་བྲག་ཕུག་ཤུལ་བཞག་ཡིན། ལོ་ངོ་སྟོང་ཕྲག་གི་ཁྲོད། གུ་གེ་རྒྱལ་རབས་ཀྱི་དར་རྒུད་ལས་བྲག་ཕུག་དེ་རྒྱབ་ཕྱོགས་ཀྱི་རི་བོ་དང་ཡོངས་སུ་འདྲེས་ནས། ལྷིང་འཇགས་ཀྱིས་རྩྭ་མདའ་ས་གཤིས་སྤྱི་གླིང་གི་རི་ཚོགས་ཁྲོད་གཉིད་དུ་ཡུར་ཡོད། དུས་སྐབས་མཉམ་ཞིང་བར་ཐག་སྤྱི་ལེ་བཅུ་ལྷག་ལས་མེད་པའི་གུ་གེ་རྒྱལ་རབས་ཀྱི་ཤུལ་བཞག་དང་བསྡུར་ན་བྲག་ཕུག་འདི་དག་ལ་ཆ་རྒྱུས་ཡོད་མཁན་ཉུང་ཉུང་ཡིན།
ང་རང་ལོ་ཆུང་བའི་སྐབས་སུ། བགྲེས་པོ་ཚོས་བྲག་ཕུག་འདི་དག་ནི་ལོ་རྒྱུས་རིག་དངོས་ཡིན་པས་ཧ་ཅང་རྩ་ཆེན་ཡིན་པར་བཤད་ལ། དེ་བས་ངས་ནམ་ཡང་དེ་དག་ལ་སྲུང་སྐྱོང་བྱེད་འདོད་སྐྱེས་ཡོད་ཞེས་ལོ75ལ་སོན་པའི་བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་བཤད། 2002ལོར། རིག་དངོས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་སོང་བ་དང་བསྟུན། རྩྭ་མདའ་རྫོང་རིག་དངོས་སྲུང་སྐྱོང་སྡེ་ཁག་གིས་ས་གནས་ཀྱི་མང་ཚོགས་ཁྲོད་རིག་དངོས་སྲུང་སྐྱོང་པ་གདན་ཞུ་བྱས་ལ། རིག་འཛིན་དབང་གྲགས་ནི་སྡེ་བའི་སྐོར་དང་པོའི་སྲུང་སྐྱོང་པར་གྱུར་ཞིང་། དེ་མ་ཟད་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ནས་ལོ་ངོ20ལྷག་འགོར་ཡོད།
1992ལོའི་ཟླ5པར། བོད་ལྗོངས་རིག་དངོས་རྟོག་ཞིབ་རུ་ཁག་རྩྭ་མདའ་རྫོང་དུ་ཕེབས་པ་དང་། ལུག་རྫི་བུ་མོ་ཞིག་གི་སྣེ་ཁྲིད་འོག གནའ་རྫས་རྟོག་ཞིབ་པ་ཚོ་བྲག་ཕུག་གི་ཁྱབ་པའི་རི་རྩེར་འགོས་ལ། ཁོ་ཚོའི་མིག་སྔར་མངོན་པ་ནི་ལོ་ཟླར་བསྙལ་བའི་ནང་བསྟན་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་རེད།
འགྲོ། ངས་ཁྱེད་ཚོ་ས་འདིའི་ནོར་བུ་བལྟ་རུ་ཁྲིད་ཞེས་བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་གསར་འགོད་པ་བྲག་ཕུག་ཞིག་ཏུ་ཁྲིད། བྲག་ཕུག་མི་ཆེ་ན་ཡང་། ལྡེབས་ངོས་སུ་རི་མོས་ཁེངས་ཡོད་པ་སྟེ། ཕྱི་རྒྱལ་གྱི་མི་སྣ་དང་པར་རིས། སྣང་བརྙན་བཅས་དང་། གཞན་སེང་གེ་དང་རྨ་བྱ། གླང་ཆེན་སོགས་སྲོག་ཆགས་ཀྱི་གཟུགས་རིས་བཅས་ཡོད་ལ། རི་མོའི་མཚོན་སྟངས་གཟབ་ནན་དང་གཟུགས་དབྱིབས་ཁྱད་ཆོས་ལྡན་ཞིང་། སྣང་བརྙན་གསོན་ཉམས་ལྡན་པ་རེད།
ལྡེབས་རིས་འདི་དག་ནི་ལོ་ངོ1300ཡར་སྔོན་གྱི་ཡིན་པ་དང་། ད་རུང་བྲག་ཕུག་ཞིག་གི་ལྡེབས་རིས་ནི་ཕལ་ཆེར་ལོ་ངོ1000ཡར་སྔོན་གྱི་རེད་ཅེས་རིག་འཛིན་དབང་གྲགས་ཀྱིས་གསར་འགོད་པར་བཤད་ལ། ཡུལ་སྐོར་པ་ཚོས་ངོ་མཚར་བའི་ལྡེབས་རིས་འདི་དག་མཐོང་རྗེས་ཧ་ཅང་དགའ་སྤྲོ་སྐྱེས་ཤིང་། ང་ཚོས་ལྟ་སྲུང་བྱས་པ་ཤིན་ཏུ་ལེགས་པོས་མི་རྣམས་ཀྱིས་ངོ་མཚར་ཡིད་འོང་གི་སྒྱུ་རྩལ་བརྩམས་ཆོས་འདི་ལྟ་བུ་མཐོང་ཐུབ་པ་ཡིན་ཟེར།
ཕུག་ཡངས་དང་དུང་དཀར་བྲག་ཕུག་ཤུལ་བཞག་དུ་ད་ལྟ་རིག་དངོས་སྲུང་སྐྱོང་པ3གྱིས་ཉིན་རྒྱུན་གྱི་ལྟ་སྲུང་བྱེད་བཞིན་ཡོད། བགྲེས་པོས་བྲག་ཕུག་གི་སྒོ་ཕྱེས་ནས་ཡུལ་སྐོར་པར་འགྲེལ་བརྗོད་བྱེད་པའི་དུས་མཚུངས་སུ། ཡུལ་སྐོར་པར་ལྡེབས་རིས་དང་རིག་དངོས་ལ་མི་རེག་པའི་གསལ་འདེབས་བྱེད་པ་ཡིན། བྲག་ཕུག་གཅིག་ལ་ལྟ་སྐོར་བྱས་ཚར་ན་བགྲེས་པོས་སེམས་ཆུང་ངང་སྒོར་ཟྭ་བརྒྱབ་ཏེ། ཡུལ་སྐོར་པ་བྲག་ཕུག་རྗེས་མར་ཁྲིད་འགྲོ། ལོ་ངོ་མང་པོའི་རིང་། བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་རི་ལྡེབས་སུ་ཁེངས་པའི་བྲག་ཕུག་སྟོང་ལྷག་ལ་སོང་ནས་ལྟ་སྲུང་བྱེད་པ་དང་། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་རི་ལྡེབས་སུ་འཛེགས་པར་དུས་ཚོད་ཕྱེད་ཀ་ཡན་དགོས་པ་རེད། ལྷག་པར་དུ་ན་ནིང་བགྲེས་པོར་གཟའ་ནད་ཕོག་པས་ད་ལྟ་སྐད་ཆ་བཤད་པའང་ཅུང་ལྡབ་ལྡིབ་དུ་གྱུར་ཡོད།
སྡེ་བའི་བགྲེས་པོ་གཞན་པ་ཚོས་ང་ལ་འཕྱ་དགོད་བྱེད་བཞིན། ཁྱེད་ཀྱིས་ང་ཚོ་དང་ཁ་བརྡ་བྱེད་པའམ་ཉི་མར་ལྡེ་ན་མི་བཟང་ངམ། ཉིན་རེར་ཡར་འཛེགས་མར་འབབ་བྱས་པས་ཅི་ཕན་ཟེར་ཞེས་བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་གསར་འགོད་པར་བཤད་ལ། ད་རུང་དགོད་ཞོར་དུ་ལྡེབས་རིས་འདི་དག་དང་བྲག་ཕུག་འདི་དག་གིས་ང་ཚོའི་ལོ་རྒྱུས་དང་རིག་གནས་མཚོན་ལ། གལ་ཏེ་ངའི་ལུས་ཕུང་གིས་ལྕོགས་ན་མུ་མཐུད་དུ་རིག་དངོས་སྲུང་སྐྱོང་གི་ལས་དོན་འདི་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།

ཟླ5པའི་ཚེས26ཉིན་པར་བླངས་པའི་ཕུག་ཡངས་བྲག་ཕུག་གི་ལྡེབས་རིས།

ཟླ5པའི་ཚེས26ཉིན། བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་ཡུལ་སྐོར་པར་ལྡེབས་རིས་མཚམས་སྦྱོར་བྱེད་བཞིན་པ།

ཟླ5པའི་ཚེས26ཉིན། བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་བྲག་ཕུག་གི་མདུན་དུ་པར་ལེན་བཞིན་པ།

ཟླ5པའི་ཚེས26ཉིན་པར་བླངས་པའི་ཕུག་ཡངས་བྲག་ཕུག་གི་ལྡེབས་རིས།

ཟླ5པའི་ཚེས26ཉིན་པར་བླངས་པའི་ཕུག་ཡངས་བྲག་ཕུག།

ཟླ5པའི་ཚེས26ཉིན། བགྲེས་པོ་རིག་འཛིན་དབང་གྲགས་བྲག་ཕུག་ནང་བསྐྱོད་བཞིན་པ།

ཟླ5པའི་ཚེས26ཉིན། བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་བྲག་ཕུག་ནང་གཙང་ཕྱག་བྱེད་བཞིན་པ།

ཟླ5པའི་ཚེས26ཉིན་པར་བླངས་པའི་ཕུག་ཡངས་བྲག་ཕུག

བར་སྣང་ནས་པར་བླངས་པའི་ཕུག་ཡངས་བྲག་ཕུག

བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་བྲག་ཕུག་ཅིག་ལ་སྒོ་རྒྱག་བཞིན་པ།

བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་ལྡེབས་རིས་ལ་ལྟ་བཞིན་པ།

བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་བྲག་ཕུག་རེར་སྐོར་ཞིབ་བྱེད་བཞིན་ཡོད་ལ་འདི་ནི་ཁོའི་ལོ་ངོ་མང་པོའི་རིང་གི་གོམས་སྲོལ་དུ་གྱུར་ཡོད།

བགྲེས་པོ་རིག་འཛིན་དབང་གྲགས་ཀྱིས་བྲག་ཕུག་འགྲམ་དུ་གུང་ཟས་ཟ་བཞིན་པ།