ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན།

2023-05-18
387

  ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན་དུས།  ཧྲའན་ཞི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་ཁྲོད་མདུན་དུ་སྐྱོད་ཀྱི་མཚོ་རླབས་འཕྱུར་དགོས་ལ།  དུས་རབས་ཀྱི་སྣེ་ཁྲིད་དང་སྙིང་སྟོབས་ཡོད་དགོས་ཤིང་། ཧུར་ཐག་སྒོས་བརྩོན་ལེན་བྱེད་པ་དང་ཚད་ལས་བརྒལ་ཕོད་པ་བཅས་བྱས་ནས། ནུབ་རྒྱུད་ས་ཁུལ་དུ་དཔེ་སྟོན་ནུས་པ་འདོན་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།  འཕེལ་རྒྱས་སྤུས་མཐོའི་ལས་འགན་གལ་ཆེན་ལ་དམིགས་སུ་བཟུང་། མིག་རྒྱང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཕྱོགས་པ། ཧྲའན་ཞིའི་གནས་ཚུལ་དངོས་ལ་གཞིགས་ནས། རང་ཉིད་ཀྱི་ལེགས་ཆ་འདོན་པ་དང་། མདུན་སྐྱོད་ཁ་ཕྱོགས་གསལ་པོ་ཡོད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་ནང་དུ་རང་རྟོགས་ཀྱིས་ཞུགས་པ་དང་ཞབས་ཞུ་སྒྲུབ་ཅིང་། ཚན་རྩལ་རང་ཚུགས་རང་དར་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་དོ་སྙོམས་ངང་འཕེལ་རྒྱས་ཐུབ་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇེ་དྲག་གཏོང་བ་སོགས་ཀྱི་ཐད་ནས་ཐོད་བརྒལ་གསར་པ་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་ཧྲའན་ཞིའི་ལེའུ་གསར་པ་བརྩམ་དགོས་ཞེས་ནན་གསུང་གནང་།

  ཟླ་བ་ལྔ་པའི་ཚེས་བཅུ་བདུན་ཉིན། ཞི་ཅིན་ཕིང་གིས་ཞི་ཨན་ནས་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་འཛོམས་གྲོས་ཚོགས་གཙོ་སྐྱོང་མ་གནང་བའི་སྔོན་དུ། ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གསན་ཞིབ་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲའོ་དབྱི་ཏི་ཡིས་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཀྲའོ་ཀང་སོགས་སྙན་ཞུའི་ཚོགས་འདུར་ནང་དུ་ཞུགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཧྲའན་ཞིའི་ལས་དོན་སོ་སོར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཡག་མོ་གནང་།

  ཞི་ཅིན་ཕིང་གིས། ཧྲའན་ཞི་ཡིས་མདུན་ཆོད་དང་ཐོད་བརྒལ་བྱེད་དགོས་ན། ངེས་པར་དུ་ཚན་རྩལ་གསར་གཏོད་ཇེ་དྲག་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཐད་ནས་འགག་སྒྲོལ་གསར་པ་ཡོད་དགོས། རང་ཉིད་ཀྱི་ཐོན་ལས་རྨང་གཞི་དང་ཐོན་ཁུངས་ལེགས་ཆ་རྐང་བཟུང་ནས། འཕེལ་རྒྱས་ཀྱི་ཁ་ཕྱོགས་ས་དེ་དངོས་གཉེར་དཔལ་འབྱོར་ཐོག་བཞག་དགོས་པ་དང་། སྲོལ་རྒྱུན་ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་སྣེ་ཁྲིད་གོ་གནས་སྲ་བརྟན་གཏོང་བའི་དུས་མཚུངས་སུ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་ནས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གསོ་སྐྱོང་བྱ་དགོས།

  ཚན་རྩལ་ལ་བརྟེན་ནས་སྐུལ་ཁྲིད་དང་། སྲོལ་རྒྱུན་ཐོན་ལས་རྩེ་གྲ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་རིམ་སྤར་ལེགས་སྒྱུར་ཇེ་མགྱོགས་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་རྒྱ་སྐྱེད་གཏོང་བ། ཨང་ཀིའི་དཔལ་འབྱོར་དང་དེང་རབས་ཞབས་ཞུ་ལས་རོགས་འཕེལ་རྒྱས་ཧུར་ཐག་བྱེད་པ། རིག་ནུས་ཅན་དང་སྦགས་མེད་ཅན། ཟུང་འབྲེལ་ཅན་གྱི་ཁྱད་ཆོས་ལྡན་པ་དང་། ཆ་ཚང་རང་བཞིན་དང་སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་གྱི་བླང་བྱ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ནས། དེང་རབས་ནུས་ཁུངས་ཐོན་ལས་ཁྱུ་ཚོགས་ཇེ་སྟོབས་ཇེ་ལེགས་གཏོང་དགོས། མིག་རྒྱང་རྒྱལ་ཁབ་འཐབ་ཇུས་དགོས་མཁོ་དང་རྒྱལ་སྤྱིའི་འགྲན་སློང་མདུན་གྲས་ལ་ཕྱོགས་ནས། རྒྱལ་ཁབ་ཚན་རྩལ་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དང་། ལག་རྩལ་གཙོ་གལ་མང་ཤོས་་སྔར་ལས་ འགག་སྒྲོལ་བྱས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་གལ་ཆེན་སྔར་ལས་མང་པོ་བསྐྲུན་དགོས། ཁེ་ལས་ཚན་རྩལ་གསར་གཏོད་ཀྱི་གོ་གནས་གཙོ་བོ་ཇེ་དྲག་གཏོང་བ་དང་། གསར་གཏོད་མ་ལག་དང་ཐོན་ལས་མ་ལག  མ་རྩའི་མ་ལག  འཇོན་མིའི་མ་ལག་ཟུང་འབྲེལ་ཟབ་མོ་བྱས་ནས། ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་གཏོང་དགོས། ཞི་ཨན་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་དང་ཚན་རྩལ་གསར་གཏོད་ལྟེ་གནས་ཡག་པོ་བསྐྲུན་ནས། རྒྱལ་ཁབ་ཚན་ཞིབ་གལ་ཆེན་དང་རིག་གནས་སློབ་གསོའི་ལྟེ་གནས་དང་། ལག་རྩལ་རྩེ་གྲའི་ཐོན་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་བསྐྲུན་གང་ཐུབ་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ནན་མོ་བྱེད་པའི་་ལས་འགན་ལྕི་མོ་དེ་ད་རུང་གྲོང་སྡེའི་ནང་ཡོད་པས། ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཇེ་ཆུང་གཏོང་དགོས། རྫོང་མཁར་གཙོ་བོ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་སྐུལ་སྤེལ་ཧུར་ཐག་བྱེད་པ་དང་། རྫོང་གི་སྤྱི་པའི་སྒྲིག་ཆས་འཛུགས་སྐྲུན་ཆུ་ཚད་དང་རྨང་གཞིའི་སྤྱི་པའི་ཞབས་ཞུ། ཐོན་ལས་སྒྲིག་ཆས་ཆ་ཚང་གི་བྱེད་ནུས་མཐོར་འདེགས་གཏོང་ཞིང་། ཕྱོགས་བསྡུས་འགན་སྒྲུབ་ནུས་པ་དང་བཅོས་སྐྱོང་ནུས་པ་ཇེ་དྲག་བཏང་ནས། རྫོང་མཁར་གྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་བབ་དང་བསྟུན་ནས་གྲོང་རྡལ་ཆུང་ཆུང་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་གྲོང་རྡལ་ཆུང་ཆུང་ཚད་ལྡན་བདེ་བླངས་ངང་འཕེལ་རྒྱས་གཏོང་བ། རྫོང་མཁར་གཙོ་བོར་བྱེད་པ་དང་གྲོང་རྡལ་ཆུང་ཆུང་བརྟེན་སར་བྱེད་པའི་རྫོང་ཁོངས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཟུང་འབྲེལ་གྱི་འཕེལ་རྒྱས་ལམ་ལུགས་ནང་རྐྱེན་ཇེ་བཟང་དང་། གྲོང་ཁྱེར་དང་གྲོང་གསེབ་རྒྱུ་ཆ་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་འཁོར་སྐྱོད་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཇེ་ཚང་གཏོང་བ། གྲོང་ཁྱེར་ཐོན་ཁུངས་རྒྱུ་ཆ་གོ་རིམ་ལྡན་པའི་ངང་གྲོང་སྡེར་ཕྱོགས་པ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་གཏོང་དགོས། ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཆེན་པོ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་དུ་འཕེལ་རྒྱས་བཏང་ནས། ཞིང་པ་ཕྱུག་འགྱུར་ཡོང་འཕར་གྱི་ལམ་བུ་རྒྱ་བསྐྱེད་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་མུ་མཐུད་དག་ཐེར་བྱེད་པ་དང་། སྲོལ་རྒྱུན་གྲོང་སྡེ་དང་གྲོང་གསེབ་ཀྱི་ཁྱད་ལྡན་རྣམ་པ་སྲུང་སྐྱོང་ཡག་པོ་བྱེད་པ། ཞིང་སྡེའི་བསམ་པའི་རིག་གནས་འཛུགས་སྐྱོང་ཇེ་དྲག་བཏང་ནས།   ཡ་རབས་སྲོལ་བཟང་དར་སྤེལ་གཏོང་དགོས།མུ་མཐུད་དུ་བབ་བསྟུན་ལྟ་ཞིབ་ཚད་ལེན་བྱེད་པ་དང་། དབུལ་བྲལ་ས་ཁུལ་གྱི་ནང་ཁུལ་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་གཏོང་བ་དང་།  གཞི་ཁྱོན་ཅན་གྱི་དབུལ་ཕོངས་བསྐྱར་ལོག་མི་འབྱུང་བར་བརྟན་སྲུང་བྱེད་དགོས་ཞེས་ནན་གསུང་གནང་།

  ཞི་ཅིན་ཕིང་གིས་འཕེལ་རྒྱས་གཏོང་སྟངས་འབག་མེད་ཐཱན་ཉུང་དུ་ལུགས་བསྒྱུར་སྐུལ་སྤེལ་ཧུར་ཐག་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཆུ་ཚད་གོང་མཐོར་གཏོང་དགོས། རི་ཀླུང་སྔོན་པོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛིན་དང་ལག་ལེན་བསྟར་བྱས་ནས། མུ་མཐུད་དུ་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཞི་གཙང་མ་སྲུང་སྐྱོང་ཡག་པོ་བྱེད་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དེ་ཧྲའན་ཞིའི་འཕེལ་རྒྱས་སྤུས་ཚད་མཐོ་བའི་རྨང་གཞིའི་ཚད་ཐིག་ཏུ་བརྩིས་ནས། རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ། ས་ཆུ་ཤོར་བ་དང་བྱེ་ཐང་གྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་པ་དང་། འབབ་རྒྱུད་འགྲམ་གྱི་སྐྱེ་ཁམས་བཅོས་སྐྱོང་ཤུགས་སྣོན་པ་དང་ ཞིང་ལས་འགོ་ཁུངས་འབག་བཙོག་དང་བཟོ་ལས་འབག་བཙོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་འབག་བཙོག་སྔོན་འགོག་བཅོས་སྐྱོང་དང་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་ཟབ་སྤེལ་བྱས་ནས། རྨ་ཆུ་སྟེ་མ་ཡུམ་ཆུ་བོར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཆིང་ལིན་རི་རྒྱུད་རྒྱུན་རྣམ་ཅན་དང་རྒྱུན་རིང་ཅན་གྱི་སྲུང་སྐྱོང་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་གཏོང་ཞིང་། ལྟ་སྐུལ་དོ་དམ་འཐུས་ཚང་དང་བབ་བསྟུན་གྲལ་བཤེར་ལེགས་བཅོས་ཡག་པོ་བྱས་ཏེ། རང་རྒྱལ་གྱི་ཆུ་མཛོད་གཙོ་བོ་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་དཀྱིལ་མའི་ལས་གཞིའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་ཏེ། ཆུ་རྒྱུན་དྭངས་མ་བྱང་དུ་རིང་འབབ་ཐུབ་པར་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབག་མེད་ཅན་དང་ཐཱན་ཉུང་ཅན་དུ་གཏོང་བ་དང་། ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་སྒྲིག་གཞི། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་གཞི་དང་ས་ཞིང་བེད་སྤྱོད་གཏོང་བའི་སྒྲིག་གཞི་སྙོམ་སྒྲིག་ཇེ་མགྱོགས་བྱས་ཏེ། ནུས་ཁུངས་ཐོན་ལས་འབག་མེད་ལུགས་བསྒྱུར་ལ་སྐུལ་འདེད་དང་། ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་བརྩོན་ལེན་གང་ཐུབ་བྱེད་དགོས། ཁྱོན་ཡོངས་ནས་གྲོན་ཆུང་འཐབ་ཇུས་ལག་ལེན་བསྟར་བ་དང་། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་གཅིག་བསྡུས་བེད་སྤྱོད་ཟབ་སྤེལ་གཏོང་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས།  ཕྱི་ནང་གཉིས་སུ་སྒོ་འབྱེད་རྒྱ་བསྐྱེད་ཧུར་ཐག་བྱས་ནས། ནང་ལོགས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། རང་རྟོགས་ཀྱིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྱོང་ནང་ཞུགས་པ་དང་ཞབས་ཞུ་ཡག་པོ་བསྒྲུབ་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་བཀོད་པ་ཆེན་མོའི་ནང་ཟབ་ཞུགས་བྱེད་ཅིང་། ཕྱི་ནང་གཉིས་ཀར་སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་ནས་སྒུལ་ཤུགས་ཇེ་དྲག་དང་སྐྱེ་སྟོབས་ལྡན་པར་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་དགོས། སྒྲིག་སྲོལ་དང་ལམ་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བརྟན་ཐོག་རྒྱ་བསྐྱེད་གཏོང་བ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཕེལ་རྒྱས་སྤུས་མཐོར་བཏང་ནས། ནུས་མཐོའི་སྒོ་འབྱེད་སྟེགས་བུ་བསྐྲུན་གང་ཐུབ་བྱེད་དགོས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྱོང་ནང་ཞུགས་ཧུར་ཐག་བྱེད་པ། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་ཞི་ཨན་གཅིག་བསྡུས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ནུབ་མ་བཅས་ཀྱི་རྒྱལ་ཁབ་ལ་ཕྱོགས་པའི་སྒོ་འབྱེད་ཀྱི་བགྲོད་ལམ་གལ་ཆེན་ཆགས་འཇུག་དགོས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་སྦྲེལ་མཐུད་བྱེད་པའི་ཁྲོད་ནས་ནུས་པ་དེ་བས་ཆེན་པོ་འདོན་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་རྩེ་གྲའི་ཚོང་གཉེར་ཁོར་ཡུག་ཡག་པོ་བསྐྲུན་ནས། ཚོང་འགུག་མ་འགུག་གི་སྤུས་ཀ་དང་ཆུ་ཚད་གོང་མཐོར་གཏོང་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཏང་ཡོངས་སུ་སྤེལ་བཞིན་ཡོད་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གཏིང་ཇེ་ཟབ་དང་དོན་གཉེར་ཡོང་བའི་ཐད་འབད་པ་བྱེད་དགོས་ལ། སློབ་སྦྱོང་ལས་སྙིང་སྟོབས་དར་སྤེལ་དང་སློབ་སྦྱོང་ལས་བློ་རིག་འཕེལ་བ། སློབ་སྦྱོང་ལས་ཀུན་སྤྱོད་དྲང་བ། སློབ་སྦྱོང་ལས་ལག་ལེན་ཐུབ་པ་བཅས་ཀྱི་ཐད་གྲུབ་འབྲས་ཐོབ་པར་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ་ནི་ཏང་གི་ཚན་རིག་དང་མཐུན་པའི་རིགས་གཞུང་ཁྲོད་ཆོས་ཉིད་རྟོགས་པ་དང་ཁ་ཕྱོགས་ཤེས་པ། བྱེད་ཐབས་སློབ་པ། བློ་རིག་རྒྱས་པ་བཅས་བྱས་ནས། རང་རྐྱ་ཐུབ་པའི་འཇོན་ཐང་དང་ཏང་དར་ནུས་པ། རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཇོན་ནུས་བཅས་ཁོང་དུ་ཆུད་པར་བྱེད་དགོས། གཅིག་ནི་ཆབ་སྲིད་ནུས་པ་མཐོར་འདེགས་བཏང་ནས། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་དང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཁོག་ལ་རྐང་ཚུགས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་། གྲོས་ཐག་གཅོད་པ་དང་། དོན་དག་སྒྲུབ་པ་བཅས་བྱེད་མཁས་པ་དང་། གནད་དོན་རྙོག་འཛིང་ཁྲོད་བྱ་དངོས་ཀྱི་ཆོས་ཉིད་དམ་འབྱེད་དབྱེ་ཐུབ་པ། འགོ་ཁུངས་ཀྱི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་འཕེལ་འགྲོས་ཤེས་པ། སྟེས་དབང་གི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་དགོས་ངེས་རང་བཞིན་ངོས་འཛིན་ཐུབ་པ་བཅས་བྱེད་མཁས་པ། གནས་ཚུལ་རྙོག་འཛིང་ཁ་ལོ་བསྒྱུར་བ་དང་། སྤྱི་ཚོགས་སྟོབས་ཤུགས་གཅིག་ཏུ་བསྡུ་བ། ཆབ་སྲིད་ཉེན་ཁ་འགོག་སྲུང་བཅས་བྱེད་མཁས་པ་བཅས་བྱས་ནས། དངོས་སུ་ཏང་དང་མི་དམངས་ཀྱིས་གནང་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་ཐུབ་པ་དང་། དངོས་སུ་ཆབ་སྲིད་ཐད་ཀྱི་གོ་རྟོགས་ཡོད་མཁན་ཞིག་བྱེད་དགོས། གཉིས་ནི་བསམ་བློ་ནུས་པ་མཐོར་འདེགས་བཏང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་གི་ལངས་ཕྱོགས་དང་ལྟ་བ། བརྟག་ཐབས་བཅས་རང་གི་ཚན་རིག་དང་མཐུན་པའི་བསམ་བློའི་བྱེད་ཐབས་ལ་བསྒྱུར་བ།  གནད་དོན་ཞིབ་འཇུག་དང་གནད་དོན་ཐག་གཅོད་པའི་ལྡེའུ་མིག་ལྟ་བུ་བྱེད་དགོས་ལ། འཐབ་ཇུས་བསམ་བློ་དང་རྩོད་སྒྲུབ་བསམ་བློ། མ་ལག་བསམ་བློ། གསར་གཏོད་བསམ་བློ། ལོ་རྒྱུས་བསམ་བློ། ཁྲིམས་སྐྱོང་བསམ་བློ། མཐའ་ཐིག་བསམ་བློ་ནུས་པ་བཅས་དངོས་སུ་མཐོར་འདེགས་བཏང་སྟེ། བྱ་དངོས་ཀྱི་ངོ་བོ་དང་འཕེལ་རྒྱས་ཆོས་ཉིད། ལས་ཀའི་གཙོ་གནད། སྲིད་ཇུས་ཀྱི་ཚད་གཞི་བཅས་དམ་དུ་འཛིན་མཁས་པ་དང་། ལས་ཀའི་ཚན་རིག་རང་བཞིན་དང་སྔོན་དཔོག་རང་བཞིན། རང་རྟོགས་རང་བཞིན། གསར་བསྐྲུན་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས།

  གསུམ་ནི་ལག་ལེན་ནུས་པ་མཐོར་འདེགས་བཏང་ནས། རིགས་གཞུང་དང་དོན་དངོས་ཟུང་འབྲེལ་བྱེད་པའི་དར་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་དང་བསམ་བློ། འཐབ་ཇུས་གསར་པ་རབ་དང་རིམ་པའི་ལག་ལེན་བླང་བྱ་དམ་དུ་འཛིན་པ། སྤུས་མཐོའི་འཕེལ་རྒྱས་དང་མི་སེར་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སྲུང་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། འཐབ་འཛིང་སྙིང་སྟོབས་དང་འཐབ་འཛིང་འཇོན་ནུས་ཇེ་དྲག་ཏུ་གཏོང་དགོས་ལ། ཉེན་ཁ་འགོག་སྲུང་དང་འགྲན་སློང་ལ་ཁ་གཏད་འཇལ་བ། རྡུང་རྡེག་འགོག་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། དུས་ཐོག་ཏུ་ཤེས་བྱའི་སྟོང་ཆ་བསྐོང་བ་དང་། བྱང་ཚད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། འཇོན་ནུས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། མུ་མཐུད་དུ་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཧྲའན་ཞི་ཡིས་རང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་ཡག་པོ་སྤྱད་ནས། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དང་ཡན་ཨན་སྙིང་སྟོབས་དར་སྤེལ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཇེ་ཟབ་དང་དོན་གཉེར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས་ནམ་ཡང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་རིག་དངོས་སྲུང་སྐྱོབ་ལས་ཀར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད།  ཟླ་བ་ལྔ་བའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཧྲའན་ཞི་རུ་ཕེབས་པའི་ལམ་བར་དུ། ཞི་ཅིན་ཕིང་རླངས་འཁོར་ནས་བབས་ཏེ། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལན་ཧྥོ་ཨན་དང་། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཅིན་ཞང་ཅིན་གྱིས་ཕེབས་རོགས་འོག སྔ་རྗེས་སུ་ཡུན་ཁྲིན་དངོས་མང་བཤམས་སྟོན་ཁང་དང་། ཡུན་ཁྲིན་ཚྭ་མཚོ་ལ་གཟིགས་ཞིབ་གནང་། ཡུན་ཁྲིན་གྱི་ལོ་རྒྱུས་དུས་ཡིན་རིང་ཞིང་། རིག་གནས་ཀྱི་རྨང་ཟབ་མོ་ཡོད། ཚྭ་སྐྱེལ་སའི་གྲོང་ཁྱེར་ཡིན་པས་མིང་ཡང་དེ་ལྟར་གྲུབ་པ་རེད། དངོས་མང་བཤམས་སྟོན་ཁང་ནས། ཞི་ཅིན་ཕིང་གིས་ཧྭ་ཞྭའི་ཁུངས་འཚོལ། མཛོད་ཉར་རིག་དངོས་རྩ་ཆེན། ཚྭ་རྫིང་གི་ལོ་རྒྱུས་ཞེས་པ་སོགས་ཀྱི་འགྲེམ་སྟོན་ལ་གཟིགས་ཏེ། ཡུན་ཁྲིན་གྱི་མིའི་རིགས་ཀྱི་འབྱུང་ཁུངས་དང་ཀྲུང་ཧྭའི་རིག་གནས་ཀྱི་སྔ་དུས་ཀྱི་ལོ་རྒྱུས་འཕེལ་རིམ་སོགས་ལ་ཞིབ་ཏུ་རྒྱུས་ལོན་གནང་བར་མ་ཟད། ཡུན་ཁྲིན་གྱི་ཚྭ་མཚོ་གྲུབ་པའི་གོ་རིམ་དང་ལོ་རྒྱུས་ཀྱི་འཕེལ་འགྲོས་མཚམས་སྦྱོར་བྱས་པ་ལ་གསན་པ་རེད། ཞི་ཅིན་ཕིང་གིས། དངོས་མང་བཤམས་སྟོན་ཁང་དུ་རིག་དངོས་རྩ་ཆེ་མང་པོ་ཐ་ན་རྒྱལ་ཁབ་ཀྱི་གཅེས་ནོར་མང་པོ་ཡོད། དེ་དག་གིས་རང་རྒྱལ་གྱི་ལོ་ཁྲི་ཕྲག་མང་པོའི་རིང་གི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ཁྲིའི་རིང་གི་རིག་གནས་ལོ་རྒྱུས། ལོ་སྟོང་ལྔ་ལྷག་གི་དཔལ་ཡོན་ལོ་རྒྱུས་བདེན་དཔང་བྱས་ཡོད་པས། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་སྙེག་པའི་ལས་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་གོའི་དཔལ་ཡོན་ལོ་རྒྱུས་ཞིབ་འཇུག་ལས་ཀ་ཟབ་སྤེལ་གཏོང་དགོས། ཏང་ཀྲུང་དབྱང་གི་སྲུང་སྐྱོབ་དང་པོར་འཛིན་པ་དང་། དོ་དམ་ཐད་ཤུགས་འདོན་པ། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་གསོན་ཤུགས་སྟེར་བ་བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད། རིག་གནས་ཤུལ་བཞག་ཐོན་རྫས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་ཞེས་གསུངས།

  ཡུན་ཁྲིན་གྱི་ཚྭ་མཚོ་ལ་ལོ་བཞི་སྟོང་དྲུག་བརྒྱ་ལྷག་གི་སྔོག་འདོན་ལོ་རྒྱུས་ལྡན་པ་དང་། མི་ཆོས་རིག་གནས་ཀྱི་རྫོང་མཐུག་པོ་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་སྲུང་སྐྱོབ་གཙོར་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚྭ་ཞིང་བསྐྱུར་ནས་མཚེའུ་སླར་གསོ་བྱེད་པ་དང་། ཚྭ་མཚོའི་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཟོ་ལས་ཐོན་སྐྱེད་ཡོད་ཚད་མཚམས་བཞག་ནས། གནས་བབ་དང་དང་བསྟུན་ཏེ་ཐོན་ལས་ལུགས་བསྒྱུར་རིམ་སྤར་བྱས་ཡོད། ཞི་ཅིན་ཕིང་གིས་འགྲེམ་པང་དང་། འགྲེམ་དངོས་སོགས་ལཟུང་དུ་འབྲེལ་ཡོད་གནས་ཚུལ་གྱི་མཚམས་སྦྱོར་ལ་གསན་རྗེས། ཁོང་གིས་ཚྭ་མཚོའི་སྐྱེ་ཁམས་རིན་ཐང་དང་བྱེད་ནུས་གལ་ཇེ་ཆེ་ནས་ཇེ་ཆེ་ཡིན་པས། སྤྱི་འདོམས་སྒོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལས་ཀ་ཡག་པོ་སྤེལ་ཏེ། ཚྭ་མཚོའི་ཐུན་མིན་གྱི་མི་ཆོས་ལོ་རྒྱུས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་འཇུག་པ་དང་། རིམ་པ་བཞིན་དེའི་སྐྱེ་ཁམས་བྱེད་ནུས་སླར་གསོ་བྱེད་བཅུག་ནས། དེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་སྔར་བས་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ཡུལ་དངོས་ནས་ཚྭ་མཚོའི་མཛེས་ལྗོངས་ལ་གཟིགས་ཞིབ་གནང་སྟེ། ཁོང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་མཐོའི་འཕེལ་རྒྱས་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་མུ་མཐུད་དུ་འཕེལ་རྒྱས་གཏོང་བའི་མཐོ་ཚད་ནས་བཏོན་པའི་འཐབ་ཇུས་གྲོས་ཆོད་གལ་ཆེན་ཞིག་ཡིན་པས།  རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་འཕེལ་རྒྱས་ཇུས་འགོད་དང་ འཕེལ་རྒྱས་སྤུས་མཐོར་གཏོང་བར་སྐུལ་བའི་གཞི་རྩའི་ཚད་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གནོད་པའི་ལས་ཀ་གཏན་ནས་སྒྲུབ་མི་རུང་ཞེས་གསུངས་པ་རེད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་སྙན་ཞུའི་ཚོགས་འདུའི་ནང་ཞུགས་པར་མ་ཟད་རྟོག་ཞིབ་ལ་ཕེབས་རོགས་གནང་།

  ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སྙན་ཞུའི་ཚོགས་འདུ་དང་རྟོག་ཞིབ་ནང་ཞུགས་པ་རེད།  བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་གསུམ་པའི་འགན་ཁུར་བློ་མཐུན་ཡང་སྙན་ཞུའི་ཚོགས་འདུའི་ནང་ཞུགས་ཡོད།


  • 顶 0