
ཞི་ཅིན་ཕིང་གིས་པེ་ཅིང་ཀྲུང་གོའི་རྡོ་སྣུམ་སློབ་ཆེན་དུ་ཡོད་པའི་ཨེ་ཤ་ཡ་དབུས་མའི་ཕྱི་འགྲིམས་སློབ་མར་འཕྲིན་ལན་སྤྲིངས།
ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཀྲུང་གོའི་རྡོ་སྣུམ་སློབ་ཆེན་དུ་ཡོད་པའི་ཨེ་ཤ་ཡ་དབུས་མའི་ཕྱི་འགྲིམས་སློབ་མར་འཕྲིན་ལན་སྤྲིངས་ནས། ཁོ་ཚོས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་མ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་རི་ཀླུང་གཅིག་ཏུ་འབྲེལ་ཞིང་། མཛའ་བརྩེ་ཟབ་ལ་ལས་དབང་གཅིག་པ་ཡིན། ༢༠༡༣ལོར། ངས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ནས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་མཉམ་དུ་བསྐྲུན་པའི་གྲོས་འགོ་བཏོན་པ་ཡིན། ལོ་བཅུའི་རིང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་བར་གྱི་འབྲེལ་བ་མུ་མཐུད་དུ་ཇེ་ཡག་སོང་ཡོད་ལ། ཁྱབ་ཁོངས་སོ་སོའི་ནང་གི་མཉམ་ལས་ཡང་ཇེ་མགྱོགས་སོང་ནས། ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་བདེ་མང་པོ་བཏགས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་དེ་མི་རབས་ནས་མི་རབས་བར་བློ་རིག་ཡོད་པ་དང་འཇོན་ཐང་ཅན་གྱི་ན་གཞོན་རྣམས་ཀྱིས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཁྱེད་ཚོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འབྲེལ་བའི་ར་སྤྲོད་པ་དང་ཁེ་ཕན་རག་མཁན་ཡིན་ལ། དེ་ལས་ཀྱང་འཛུགས་སྐྲུན་པ་དང་བརྒྱུད་སྒྲོག་བྱེད་མཁན་ཡིན་བས། ཁྱེད་ཚོས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་མཛའ་མཐུན་བྱ་གཞག་ཁྲོད་འབད་པས་ཞུགས་ནས། དར་ལམ་སྙིང་སྟོབས་དར་སྤེལ་དང་ཀྲུང་གོའི་གཏམ་རྒྱུད་དང་ཨེ་ཤ་ཡའི་གཏམ་རྒྱུད་ཡག་པོར་བརྗོད་ཅིང་། མཛའ་མཐུན་གྱི་ཕོ་ཉ་དང་མཉམ་ལས་ཀྱི་འབྲེལ་ཟམ་ཡག་མོ་ཞིག་བཙུགས་ནས་ ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལས་དབང་གཅིག་གི་ཐུན་མོང་ཚོགས་པ་དེ་བས་ཡག་མོར་སྐྲུན་པར་རང་གི་བྱས་རྗེས་འཇོག་པའི་རེ་བ་ཡོད་ཅེས་ནན་གསུང་གནང་ཡོད།
ཉེ་ཆར། པེ་ཅིང་དུ་ཀྲུང་གོའི་རྡོ་སྣུམ་སློབ་ཆེན་གྱི་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཕྱི་འགྲིམས་སློབ་མས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཀྲུང་གོར་ཡོད་པའི་ཕྱི་འགྲིམས་སློབ་མའི་འཚོ་བའི་གནས་ཚུལ་གསལ་པོ་ཞུས་ཤིང་། སློབ་སྦྱོང་ལ་འབད་བརྩོན་དང་མཉམ་ལས་ཇེ་དྲག་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་བསྐྲུན་པར་སྟོབས་ཤུགས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་བརྗོད་བྱས་ཡོད།
འཕྲིན་སྟེགས། weikangba