གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ལ་ལེགས་བཅོས་ཞེས་པའི་ལས་གཞི།

2023-05-16
439

བསམ་བློ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད་བྱེད།

  གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ལ་ལེགས་བཅོས་ཞེས་པའི་ལས་གཞི་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ནས་ཕྱག་ལས་གནང་སྐབས། སྐུ་དངོས་སུ་འཆར་འགོད་དང་སྐུ་དངོས་སུ་བཀོད་སྒྲིག སྐུ་དངོས་སུ་ལག་ལེན་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། དེ་ལག་ལེན་བསྟར་ནས་ལོ་ཉི་ཤུའི་རིང་ལ། ཀྲེ་ཅང་གིས་འཆར་གཞི་ལག་ལེན་མཐར་ཕྱིན་བྱས་པ་དང་སྐབས་རེ་རེ་ནས་རེ་རེ་བཞིན་འབད་པ་བྱས་ཏེ། ཁྲི་སྟོང་ལས་གཞི་འདིས་མཛེས་སྡུག་གི་གྲོང་ཚོ་མང་པོ་བསྐྲུན་ཞིང་། རྒྱ་ཆེའི་ཞིང་པ་མང་ཚོགས་ལ་ཕན་བདེ་བསྐྲུན་ཡོད། དེང་སང་གི་ཀྲེ་ཅང་ས་གཞི་ཡངས་པོའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག མཛེས་པའི་ཀྲུང་གོ་འཛུགས་སྐྱོང་ཧུར་ཐག་གིས་བྱེད་བཞིན་ཡོད་ལ། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཞིང་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་ཀྲེ་ཅང་གི་ལག་ལེན་ཉམས་མྱོང་སྔར་ལས་མང་པོ་བཏོན་དང་འདོན་ཞིང་ཡོད།

  མིག་སྔར། ཀྲེ་ཅང་ལ་འབྲི་ཆུའི་ལྷོ་རྒྱུད་ཀྱི་ནམ་ཟླ་ཡག་ཤོས་ཡིན་ལ། ཀྲེ་ཅང་བྱང་རྒྱུད་ཀྱི་གཙང་བོའི་རླབས་ཕྲེང་མཁར་འཕྱུར་ཞིང་། ཀྲེ་ཅང་དབུས་རྒྱུད་ཀྱི་རི་མ་ཐང་དུ་སྡོང་པོར་གཡུའི་ལོ་འདབ་རྒྱས། ཀྲེ་ཅང་ལྷོ་ནུབ་རི་ཁུལ་ལྗང་མདོག་མངོན་པར་བཀྲ་ལ། རྒྱ་ཆེ་བའི་གྲོང་གསེབ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བས། གྲོང་ཚོང་མཛེས་ཤིང་མི་རྣམས་མཐུན་པ། མཉམ་དུ་ཕྱུག་པོར་ཕྱིན་པའི་ངོ་མཚར་རྣམ་པས་ཅི་ཡང་ངོམས། དེ་དག་ཐམས་ཅད་ཀྲེ་ཅང་གིས་རྒྱུན་པར་བརྩོན་ཞིང་དཀའ་བ་ཆེད་དུ་བསད་ངལ་བ་དང་དུ་བླངས་ནས། ལོ་ངོ་ཉི་ཤུའི་རིང་གི་གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ལ་ལེགས་བཅོས་ཞེས་པའི་ལས་གཞི་ལག་བསྟར་བྱས་པའི་རྐྱེན་གྱིས་རེད།

དུས་རབས་འདིའི་དུས་འགོའི་ཀྲེ་ཅང་གིས་གྲོང་ཁྱེར་ཅན་མགྱོགས་སུ་བཏང་ཡོད་ཀྱང་། གྲོང་ཁྱེར་དང་གྲོང་གསེབ་བར་ལ་ཧེ་བག་ཇེ་ཆེར་སོང་ཡོད།  ༢༠༠༢ལོའི་ལོ་མཇུག ཀྲེ་ཅང་དུ་གསར་འགན་བླངས་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་རྟོག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་བཀག་རྒྱ་གྲོལ་བར་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་བུ་འཚོལ་སྙེག་བྱས། ༢༠༠༣ལོའི་ཟླ་དྲུག་པར། བློ་མཐུན་ཞི་ཅིན་ཕིང་གིས་དུས་དང་གནས་བབ་པར་བསྟུན་ཞིང་། མིག་རྒྱང་རིང་པོས་ཁྲི་སྟོང་ལས་གཞིའི་ཐབས་ཇུས་གལ་ཆེན་ལག་ལེན་བསྟར་ཏེ། ཞིང་ཆེན་ཡོངས་ནས་སྲིད་འཛིན་གྲོང་ཚོ་ཁྲི་གཅིག་ཡས་མས་བདམས་ནས་ཡོངས་སུ་ལེགས་བཅོས་བྱས་པ་དང་། དེའི་ནང་ནས་གྲོང་ཚོ་སྟོང་ཡས་མས་ཀྱི་ལྟེ་བའི་གྲོང་ཚོ་ཁྱོན་ཡོངས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་པ་རེད།

  ཀྲེ་ཅང་ཞིང་ཆེན་ཞིང་སྡེ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཀྲུའུ་རེན་ཝང་ལིའང་ཆན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ཞིང་གསུམ་ལ་ཐུགས་བརྩེ་བ་ཆེན་པོ་བཅངས་ཡོད་ལ། ཁོང་གིས་རྟོག་ཞིབ་གནང་དུ། ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཁྱོན་ཡོངས་འཕེལ་རྒྱས་འགྲོ་བའི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ལ་སྐད་གྲགས་ཁྱབ་ཐུབ་པའི་ཞིང་སྡེ་གསར་པ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས་པར་གསུངས་ནས། ང་ཚོ་ལ་ཁྲི་སྟོང་ལས་གཞིའི་འཆར་གཞི་རླབས་ཆེན་བཟོས་ཡོད་ལ། ང་ཚོས་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་བཤད་པ་རེད། དེར་བརྟེན་གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ཡི་བཅོས་སྐྱོང་འདི་མངོན་སུམ་ཚད་མར་གྱུར་ཡོད། ཀྲེ་ཅང་གིས་ནོར་སྲིད་དང་འགྲིམ་འགྲུལ། ཆུ་བེད། ཁོར་སྲུང་སོགས་སྡེ་ཁག་བཅུ་ལས་གྲུབ་པའི་མཐུན་སྦྱོར་ཚོ་ཆུང་བཙུགས་ནས། མ་ལག་འཛོམས་ཤིང་ཁྱོན་ཡོངས་ཅན་གྱི་འཆར་འགོད་སྐུལ་སྤེལ་བཏང་ཡོད། གྲོང་གསེབ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཞིང་པའི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བར་སྲོག་ཤིང་བཟུང་བའི་གྲོང་ཚོ་བཅོས་སྐྱོང་དང་འཛུགས་སྐྱོང་གི་བྱ་སྤྱོད་ཆེན་པོ་སྤེལ་ཏེ། གད་སྙིགས་གཙང་ཕྱགས་དང་འབག་ཆུ་གཙང་སེལ། སྤྱོད་ཁང་གཙང་སྦྲ། གཞུང་ལམ་སྲ་བརྟན། གྲོང་ཚོ་ལྗང་མདོག་སྐྲུན་ཞིང་། ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མུ་མཐུད་འཐུས་ཚང་བཏང་ནས། གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་ཇེ་ལེགས་བྱུང་ཡོད།

  ཀྲེ་ཅང་ཞིང་ཆེན་ཧྲའོ་ཞེན་གྲོང་ཁྱེར་ཧྲང་ཡུས་ཆུས་ཉི་ལིའང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཉི་ཅན་ཅུན་གྱིས། ང་ཚོ་ད་ལྟར་ཡོད་སའི་ལམ་འདི་ནི། སྔོན་མ་རྐང་གསུམ་འཁོར་ལོ་ཞིག་མ་གཏོགས་བགྲོད་མི་ཐར་པའི་ས་ལམ་ཡིན་ལ། ད་ལྟར་ ཕར་ཚུར་རླངས་འཁོར་གཉིས་གཤར་ཆོག་པའི་སྣུམ་ལམ་དུ་གྱུར་ཡོད། མདུན་གྱི་གྲམ་པ་དེ་སྔོན་མར་བཙོག་ཆུ་དྲི་ངན་ཅན་ཞིག་ཡིན་ལ། ད་ལྟར་ཆུ་དྭངས་ཤིང་།མི་སེར་ཚོས་རྒྱུན་པར་འདི་རུ་སྤྲོ་འཆམ་དང་ལུས་སྦྱོང་བྱེད་ས་ཞིག་ཏུ་གྱུར་ཡོད།

  ལོ་ཉི་ཤུའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཁྲི་སྟོང་གི་ལས་གཞི་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཁོང་ཀྲེ་ཅང་ལ་ཐེངས་མང་ཕེབས་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་སོགས་ཀྱི་ཐད་ནས་མཛུབ་སྟོན་བླང་བྱ་གལ་ཆེན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་གཞི་འཛིན་ས་བྱས་ནས། གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ལེགས་བཅོས་བྱེད་པའི་ལས་གཞི་དང་། མཛེས་སྡུག་གི་གྲོང་གསེབ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཟབ་སྤེལ་བྱེད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་ལུགས་དང་སྲིད་ཇུས་མ་ལག་བཙུགས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དང་དུ་བླངས་ནས་ཀྲེ་ཅང་གི་ལས་གཞི་ཁྲི་སྟོང་ཞེས་པ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་ཏེ། སྤུས་ལེགས་གྲོང་ཚོ་སྟོང་ཕྲག་དང་། མཛེས་སྡུག་ལྡན་པའི་གྲོང་ཚོ་ཁྲི་ཕྲག་ལེགས་སྐྲུན་བྱ་ཆེད། ས་གནས་ཁག་གིས་རྒྱུན་མཐུད་ཞིང་སྡེའི་འཚོ་གནས་་ཁོར་ཡུག་ལེགས་བསྒྱུར་གཏོང་རིང་དུ་ཚུལ་དང་མཐུན་པས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ཡོད། ཧུའུ་ཀྲོའུ་ཡིས་པར་འདེབས་ཚོས་རྒྱག་དང་། གློག་གསོག་གློག་རྫས་སོགས་ཁ་འཐོར་རྙོག་འཛིང་ཆེ་བའི་་ཁེ་ལས་ཆུང་ཆུང་མང་པོ་ཞིག་སྒོ་བརྒྱབ་ནས། ཡུལ་སྐོར་ལས་རིགས་སོགས་འཕེལ་རྒྱས་བཏང་བས། ཐོན་སྐྱེད་རིན་ཐང་དང་ནུས་ཆོད་ལྡབ་འགྱུར་གྱིས་གོང་འཕར་བྱུང་ཡོད། ཅིན་ཧྭ་ཡིས་འབག་བཙོག་ཆེ་བའི་ཆུ་ཤེལ་ཐོན་ལས་དག་ཐེར་བྱས་ཏེ། བཙོག་ཆུ་དང་གད་སྙིགས་ཁེངས་པའི་གཙང་པོ་མེད་པར་བཟོས་ནས། རང་བྱུང་ནགས་ཚལ་གྱི་དབྱང་མཛོད་གཙང་མས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཡིད་དབང་འགུག་བྱས་ཡོད། ཐའེ་ཀྲོའུ་ཡིས་རྫས་འགྱུར་བཟོ་ལས་མང་བའི་གཙང་བོ་དེ་ནི་སྐྱེ་ཁམས་ལྗང་མདོ་ཆུ་ལམ་དུ་བསྒྱུར་ནས། རི་ཀླུང་ས་ཞིང་མཉམ་དུ་སྦྲེལ་བས། གྲོང་ཚོ་མཛེས་ལྗོངས་ཁུལ་དང་། ཞིང་པའི་ཁང་པ་མགྲོན་ཁང་། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་ཡོད། ལས་གཞི་ཁྲི་སྟོང་ལས་གཞི་མུ་མཐུད་དུ་ཟབ་སྤེལ་བཏང་བ་དང་བསྟུན་ནས། ཀྲེ་ཅང་གི་མཛེས་སྡུག་གི་གྲོང་ཚོ་ལས་སྣ་མང་ཅན་གྱི་ལས་གཉེར་གསར་དར་མུ་མཐུད་བྱུང་བས། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་རྒྱས་བཅུག་ཡོད།

  ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་ཧུང་གྲོང་ཚོའི་ཕྱིར་ཕ་ཡུལ་དུ་ལོག་པའི་ན་གཞོན་ལས་གཏོད་པ་རིན་དབྱིན་གྱིས། མཛེས་སྡུག་གི་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད་ནས། ཁོར་ཡུག་ཧྲིལ་པོ་དང་། ལས་གཏོད་ཀྱི་ཆ་རྐྱེན་ཚང་མ་ལེགས་བཅོས་བྱུང་ཡོད་པས། གཟའ་མཇུག་ལ་ཡུལ་སྐོར་བ་མང་པོས་འདིར་ཡོང་ནས་ཡུལ་སྐོར་པར་ལེན་བྱེད་བཞིན་ཡོད་པས། ང་ལྟ་བུའི་སློབ་ཆེན་སློབ་མ་ཚོའང་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཡོད་ཅེས་བཤད།

  ཉིས་སྟོང་ཉེར་གཅིག་ལོར། ཀྲེ་ཅང་ནི་རྒྱལ་ཡོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་པའི་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་དུ་གྱུར་ཡོད། ལས་གཞི་ཁྲི་སྟོང་ཞེས་པའང་གྲོང་ཚོ་སྟོང་གི་མ་འོངས་པ་དང་། གྲོང་ཚོ་ཁྲི་མཉམ་དུ་ཕྱུག་འགྱུར་བྱུང་ཞེས་པར་རིམ་སྤར་གཏོང་བཞིན་ཡོད། རི་ཁུལ་འཕེལ་རྒྱས་ཅུང་ཞན་པའི་ཆ་དེར་དམིགས་ནས། ཀྲེ་ཅང་གིས་རི་བོ་དང་རྒྱ་མཚོ་མཉམ་དུ་མཐུན་སྦྱོར་སྒོས་རིམ་སྤར་བཏང་ཡོད། དཔལ་འབྱོར་སྟོབས་ལྡན་རྫོང་དང་རི་ཁུལ་གྱི་རྫོང་ཁག་ཉེར་དྲུག་བར་ཕན་ཚུན་རོགས་རེས་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བར་མཉམ་དུ་ལག་གདང་སྦྲེལ་ནས་ཕྱུག་འགྱུར་བཏང་བ་དང་། སྨན་བཅོས་དང་སློབ་གསོ་རིག་གནས་སོགས་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནས་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་བཏང་ཡོད། དེ་དུས་མཚུངས་སུ། ཀྲེ་ཅང་གིས་ད་དུང་ཨང་ཀིའི་གྲོང་གསེབ་འཛུགས་སྐྲུན་བཏང་བ་དང་། གྲོང་ཚོའི་གློག་རྡུལ་ཚོང་ལས་སོགས་ཞིང་ལས་ཞིང་སྡེའི་ལས་རྣམ་གསར་པ་གསོ་སྐྱོང་བྱས་ཏེ། གྲོང་གསེབ་ཀྱི་ཨང་ཀིའི་རིག་ནུས་འཚོ་ཁང་སྐོར་ཞིག་འཛུགས་སྐྲུན་བྱས་ཡོད།

   ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཆུས་ཅང་ཆུས་ཞི་ཞ་གྲོང་ཚོའི་མི་སེར་ཀྲང་ཞིན་ཀྲི་ཡིས། ངས་བལྟས་ན་གྲོང་གསེབ་དང་གྲོང་ཁྱེར་གྱི་བར་ཁྱད་པར་ཇེ་ཆུང་དང་ཚང་མའི་བདེ་སྐྱིད་ཚོར་སྣང་ཡང་ཇེ་མཐོ་རེད་ཟེར།

  ལོ་ཉི་ཤུའི་འཕེལ་རྒྱས་ཆེན་པོ་དང་ལོ་ཉི་ཤུ་ཡི་དཀའ་སྤྱད་སྡུག་རུས་བྱས་རྗེས། ལས་གཞི་ཁྲི་སྟོང་གིས་ཀྲེ་ཅང་གི་གྲོང་གསེབ་ཀྱི་རྣམ་པ་ཇེ་ལེགས་བཏང་ཡོད་དེ། གྲོང་གསེབ་གཞིས་སྡོད་ཁོར་ཡུག་དཔྱད་དཔོག་རྒྱུན་མཐུད་ནས་རྒྱལ་ཡོངས་ཀྱི་སྔོན་དུ་སྐྱོད་བཞིན་ཡོད་ལ། ནགས་ཚལ་ཁེབས་ཚད་བརྒྱ་ཆའི་རེ་གཅིག་ཡན་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་བསྟུད་མར་ལོ་ཉི་ཤུ་རིང་རྒྱལ་ཡོངས་ཐོག་ཨང་དང་པོ་རེད། ལོ་བཅུའི་ནང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་ཇེ་ཆུང་ཕྱིན་ཡོད།

  འཕེལ་རྒྱས་ཀྱི་རྒྱང་སྐྱོད ་གསར་པར་ཀྲེ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྟོན་པའི་ཁ་ཕྱོགས་ལྟར།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་ཁེལ་པ།ཁྱོན་ཡོངས་ནས་ལག་ལེན་བྱེད་ཅིང་། འགན་ཁུར་ཅི་ཐུབ་དང་བྱ་ལས་སྒྲུབ་ཕོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལེགས་ཆ་མཚོན་པའི་དཔེ་སྟོན་དུ་འགྱུར་གང་ཐུབ་བྱེད་བཞིན་ཡོད།

  ཀྲེ་ཅང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་འགོ་འཛིན་གཞོན་པ་ཝང་ཙུང་མིང་གིས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་གོ་སྐབས་སུ་བཟུང་ནས། ཇུས་འགོད་ཞིབ་ཕྲ་དང་དོན་དངོས་ཐོག་ནས་ལས་གཞི་ཁྲི་སྟོང་ཟབ་སྤེལ་དང་མཐོར་འདེགས་བཏང་ནས། ཀྲུང་གོའི་ལུགས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་ཀྲེ་ཅང་གི་མིག་དཔེ་སྟོན་དགོས་ཞེས་བཤད།


  • 顶 0